ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཇོ་ཁང་དུ་མཆོད་མཇལ་བ་དང་ཡུལ་སྐོར་བ་མཉམ་དུ་གཏོང་གི་མེད་པ།


༄༅།། དེང་སྐབས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་མང་དུ་འགྲོ་བཞིན་པའི་སྐབས་འདིར་ལྷ་སའི་གཙུག་ཁག་ཁང་དུ་རྒྱ་མི་ཡུལ་སྐོར་བ་ཡོང་མཁན་རྣམས་མཆོད་མཇལ་བའི་མཉམ་དུ་གཏོང་མི་ཆོག་པའི་གསལ་བསྒྲགས་ཤིག་ཕྱི་ཟླ་༥་པའི་ཚེས་༡༧་ཉིན་ལྷ་སའི་གཙུག་ལག་ཁང་གིས་སྤེལ་སོང་ཞེས་ས་གནས་ཀྱི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ད་ལྟ་རྒྱལ་ཁབ་མང་པོར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཡོད་པ་དང་རྒྱ་ནག་གི་ས་གནས་ཁག་ཅིག་ལའང་ཏོག་དབྱིབས་ནད་དུག་འགོ་མཁན་མང་དུ་འགྲོ་བཞིན་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད་ཀྱང་ལྷ་སའི་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གཅིག་ཀྱང་མི་འདུག ཡིན་ནའང་པོ་ཏ་ལ་དང་གཙུག་ལག་ཁང་གཉིས་ལ་ཉིན་ལྟར་རྒྱ་ནག་ནས་ཡོང་བའི་རྒྱ་མི་ཡུལ་སྐོར་བ་བརྒྱ་ཕྲག་མང་པོ་རྒྱུན་ཆད་མེད་པར་གཏོང་གི་འདུག དེས་ན་བོད་ལ་རྒྱ་མི་ཡུལ་སྐོར་བ་ཚོས་ནད་དུག་ཁྱེར་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག སྲིད་གཞུང་གིས་དེ་ལ་འགན་ཁུར་མ་བླངས་པར་ཉིན་ལྟར་ལྷ་སའི་པོ་ཏ་ལ་དང་གཙུག་ལག་ཁང་ལ་རྒྱ་ནག་ནས་ཡུལ་སྐོར་བ་བརྒྱ་ཕྲག་མང་པོ་ཡོང་དུ་འཇུག་གི་ཡོད་པ་རེད་ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་ལྷ་སར་ཡུལ་སྐོར་བ་བཀག་སྡོམ་མ་བྱས་པའི་སྟབས་ཀྱིས་ཕྱི་ཚེས་༡༧་ཉིན་ལྷ་ལྡན་གཙུག་ལག་ཁང་གིས་བརྡ་ཁྱབ་བཏང་སྟེ་ཕྱི་ཚེས་༡༩་ནས་ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་བ་དང་ཡུལ་སྐོར་བ་གཉིས་མཉམ་དུ་གཏང་རྒྱུ་མིན། སྔ་དྲོའི་ཆུ་ཚོད་༨་པ་ནས་ཆུ་ཚོད་༡༡་དང་ཕྱེད་ཀའི་བར་དུ་མཆོད་མཇལ་བ་རྣམས་གཏང་རྒྱུ་དང་ཉིན་གུང་ཆུ་ཚོད་༡༢་ནས་དགོང་མོའི་ཆུ་ཚོད་༧་དང་ཕྱེད་ཀའི་བར་དུ་ཡུལ་སྐོར་བ་རྣམས་གཏང་རྒྱུ་ཡིན་ཞེས་དུས་ཚོད་ཆ་བགོ་བྱས་འདུག གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་གི་གསལ་བསྒྲགས་དེར་རང་རྒྱལ་དང་ཉེ་འཁོར་གྱི་རྒྱ་གར་དང་བལ་ཡུལ་སོགས་རྒྱལ་ཁབ་མང་པོས་རིམས་ནད་ཚོད་འཛིན་མ་ཐུབ་པར་རྒྱ་ཁྱབ་ཏུ་འགྲོ་བ་དང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་འགར་ཕྱི་ནས་འཛུལ་བའི་ནད་རྟགས་རྒྱུན་མཐུད་ནས་འཐོན་གྱི་ཡོད་པར་མ་ཟད། ནད་རྟགས་ངོ་བོ་གཞན་འགྱུར་དུ་འགྲོ་བཞིན་ཡོད་པས་རིམས་ནད་སྔོན་འགོག་གི་དུས་བབ་སྔར་བས་ཛ་དྲག་པོ་ཡོད་པ་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཆེད་མཆོད་མཇལ་བ་དང་ཡུལ་སྐོར་བར་སྔ་ཕྱི་སོ་སོར་སྣེ་ལེན་བྱ་རྒྱུ་ཡིན་པ་སོགས་འཁོད་འདུག འོན་ཀྱང་དུས་ཡུན་ཅི་ཙམ་རིང་ལ་སྲིད་ཇུས་འདི་ལག་བསྟར་བྱ་རྒྱུ་ཡིན་མིན་གཏན་ཁེལ་བཟོས་མེད་པ་རེད།།

བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་དུག་ཕོག་མཁན་མི་གཅིག་བྱུང་བ་ནི་༢༠༢༠་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ལྷ་སར་འབྱོར་བའི་རང་ལོ་༣༤་ཅན་གྱི་ཀྲང་ཟེར་བའི་རྒྱ་མི་ཞིག་ཡིན་འདུག ཁོ་པ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེར་གྱུར། རྒྱ་ནག་པ་དེ་ཟླ་གཅིག་ཙམ་ལ་ལྷ་སར་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་མཚམས་སུ་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG