ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་པ་ཚོས་ཕྱི་ལ་འབྲེལ་བ་བྱེད་མི་ཆོག་པ་དང་གྲི་སོགས་གཞུང་བཞེས།


༄༅།། དེང་སྐབས་རྒྱ་གཞུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཡུལ་རྫོང་། ཁྲོམ་ཐ་ཁོག་གི་བོད་པ་མང་ཚོགས་ཀྱི་གྲི་དང་མཚོན་ཆའི་རིགས་གཞུང་བཞེས་གཏོང་བཞིན་འདུག་ཅེས་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། རྒྱ་ནག་གཞུང་གིས་དཔལ་ཡུལ་ཁྲོམ་ཐ་ཁོག་གི་བོད་པའི་གྲོང་སྡེ་བཅུ་གྲངས་ཤིག་དང་དགོན་ཁག་ཡོངས་ལ་ལས་བྱེད་པ་བཏང་སྟེ་མི་དམངས་ཀྱི་གྲི་དང་མཚོན་ཆའི་རིགས་ཉར་འཛིན་བྱེད་མི་ཆོག་ཅེས་གཞུང་བཞེས་གཏོང་བཞིན་འདུག རྒྱ་གཞུང་གི་བཀའ་ལྟར་བོད་པ་ཚོས་རང་ཁྱིམ་དུ་གྲི་དང་མཚོན་ཆའི་རིགས་ཉར་འཛིན་བྱེད་ཡོད་པ་ཡིན་ན་ཚང་མ་རྩིས་སྤྲོད་བྱེད་དགོས་ཟེར་བ་དང་དེང་སྐབས་གཞུང་བཞེས་གཏོང་བཞིན་པའི་སྒང་རེད་འདུག་ཅེས་བཤད།།

ད་ལོ་མང་ཚོགས་ཀྱི་སྡོད་ཁང་གསར་རྒྱག་དང་ཁྱིམ་གཞི་སྐྱོང་བའི་ལས་དོན་གང་འདྲ་ཞིག་གཉེར་ཀྱང་རྒྱ་གཞུང་ལ་ཆོག་མཆན་ཞུ་དགོས་བ་དང་ཆོག་མཆན་མ་ཐོབ་པར་བསྒྲུབ་མི་ཆོག་པའི་དོན་དག་མང་པོ་ཞིག་འབྱུང་གི་ཡོད་ཅིང་། རི་འགོར་བསང་མཆོད་བྱེད་མི་ཆོག་པ་དང་རླུང་རྟ་གཏོར་ནས་དར་ལྕོག་འཛུགས་མི་ཆོག་པ། མི་ཚོགས་འདུ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པ་སོགས་ལོ་རེ་ནས་ལོ་རེ་བཞིན་དམ་དྲག་ཇེ་ཆེ་རེད་ཅེས་བརྗོད་འདུག དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བྱེད་མཁན་བོད་པ་ཚོའི་རང་དབང་ལའང་བཀག་སྡོམ་བྱེད་ཀྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱུང་འདུག ལྷོ་སའི་བོད་པ་ཚོས་ཕྱིའི་རྒྱལ་ཁབ་དུ་ཡོད་པའི་མི་ལ་འབྲེལ་བ་བྱེད་མི་ཆོག་པ་དང་གལ་སྲིད་འབྲེལ་བ་བྱེད་ཚེ། རྒྱ་གཞུང་གི་ལས་བྱེད་པ་རྣམས་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་ཆད་འཁུར་དགོས་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་བཞིན་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

བོད་ཕྱི་ལོགས་ཀྱི་གནས་ཚུལ་འབྱུང་ཁུངས་ཤིག་གིས་བརྗོད་དོན་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ཁང་གི་ཉེན་རྟོག་པ་ཚོས་ལྷ་སའི་ཁྲོམ་གཟིགས་སྒང་དང་ཇོ་ཁང་ཉེ་འཁྲིས་སུ་ཡོད་པའི་བོད་པའི་དུད་ཁྱིམ་ཁག་གི་མི་མང་རྣམས་བསྡུ་རུབ་ཀྱིས་ད་ནས་བཟུང་སྟེ་ཕྱི་ཕྱོགས་སུ་ཡོད་པའི་སྤུན་མཆེད་དང་ཚོང་ཤག་སོགས་ལ་འབྲེལ་བ་བྱེད་མི་ཆོག འབྲེལ་བ་བྱེད་མཁན་ཡོད་ན་རྒྱལ་ཁབ་ཀྱི་རོགས་སྐྱོར་གཅོད་རྒྱུ་དང་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་བཀའ་བསྒྲགས། བོད་པ་ཚོར་ཕྱི་ལ་འབྲེལ་བ་མི་བྱེད་པའི་ཁས་ལེན་ཡིག་ཆ་ཞིག་ལ་མིང་རྟགས་བཙན་འགོད་བྱེད་དུ་འཇུག་གི་འདུག ད་དུང་བཤད་སྟངས་གཞན་ཞིག་ལ་ལས་འགུལ་འདི་རྒྱ་ནག་གཞུང་གིས་བཀོད་ཁྱབ་ཅིག་མ་ཡིན་པར་ས་གནས་རང་གི་འགོ་ཁྲིད་ཚོས་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཤིག་རེད་ཅེས་གླེང་སློང་འབྱུང་གི་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG