ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

པཎ་ཆེན་རིན་པོ་ཆེ་དང་སྐུ་འཁོར་ཚོ་བཙན་ཁྲིད་བྱས་ནས་ལོ་༢༦་འཁོར་བ།


༄༅།། ཕྱི་ཟླ་༥་པའི་ཚེས་༡༧་ཉིན་ནི་རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་༡༡་པ་བསྟན་འཛིན་དགེ་འདུན་ཤེས་ཡེ་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གམ། ཡོངས་གྲགས་སུ་པཎ་ཆེན་དགེ་མདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་རྣམས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་༢༦་ཧྲིལ་པོ་འཁོར་བའི་དུས་དྲན་ཡིན་ཞིང་། དེ་རིང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྣམ་པ་འདྲ་མིན་གྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེན་མཆོག་མགྱོགས་ནས་མྱུར་དུ་གློད་གྲོལ་ཡོང་བའི་ལས་འགུལ་སྣ་ཚོགས་ཞིག་སྤེལ་བཞིན་འདུག བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་སྤྱིའི་ས་གནས་གང་སར་བཞུགས་པའི་བོད་རྒྱ་གཉིས་ཀྱི་ཉམས་ཞིབ་པ་དང་གསར་འགོད་པ། ལས་འགུལ་བ་བཅས་ལ་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེན་སྐུ་འཚོ་བཞུགས་ཡིན་པ་ར་སྤྲོད་བྱེད་དགོས། རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་དྲྭ་ལམ་དུ་བརྙན་འཕྲིན་ཞིག་འགྲེམ་སྤེལ་བྱས་ནས་ལས་འགུལ་སྤེལ།།

ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཕེ་ཊི་རིཀ་ཕུན་གྱིས་རྒྱ་ནག་གཞུང་གིས་འཛམ་གླིང་མི་དམངས་ལ་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་པ་དང་གང་དུ་བཀག་ཉར་བྱེད་ཡོད་པ། ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་མིན་རྣམས་གསལ་བཤད་བྱ་དགོས། ང་ཚོ་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཡོད། བོད་ནང་གི་གནས་སྟངས་ཀྱང་ཞིན་ཅང་དང་གཅིག་པ་རེད། མི་དམངས་རྣམས་ཁྲིམས་འགལ་གྱིས་བཀག་ཉར་ཁང་དུ་བཙན་ཁྲིད་བྱེད་ཀྱི་ཡོད་པར་མ་ཟད། ང་ཚོ་ཧོང་ཀོང་གི་གནས་སྟངས་ལའང་སེམས་ཁྲལ་ཡོད། ང་ཚོའི་རང་དབང་དང་སྨྲ་བརྗོད་རང་དབང་། འདུ་འཛོམ་རང་དབང་སོགས་འཆོར་བཞིན་འདུག ད་ལྟའི་ཆར་བོད་དང་ཞིན་ཅང་། ཧོང་ཀོང་བཅས་ལ་འབྱུང་བཞིན་པའི་གནས་སྟངས་འདི་ང་ཚོས་འཛམ་གླིང་མི་མང་ལ་དོ་སྣང་བྱེད་དུ་འཇུག་དགོས་ཞེས་བཤད་འདུག

གཞན་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་ཅེས་དྲྭ་ལམ་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲོད་ཚོས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་པཎ་ཆེན་དགེ་མདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་རྣམས་མགྱོགས་ནས་མྱུར་དུ་གློད་གྲོལ་ཡོང་བའི་དགོས་འདུན་འདོན་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG