ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་དྲྭ་རྒྱའི་སྒྲིག་ཁྲིམས་འགལ་སོང་ཞེས་བོད་པ་༦་བཀག་ཉར།


༄༅།། དེང་སྐབས་རྒྱ་ནག་ལ་དར་ཁྱབ་ཆེ་བའི་མགྱོགས་འཕྲིན་ཞེས་འབོད་པ་དེའི་འཕྲིན་སྟེགས་སུ་བོད་པ་ཁག་ཅིག་གིས་རྒྱལ་ཁབ་ཀྱི་དྲྭ་རྒྱའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་སོང་ཞེས་རྒྱ་ནག་གཞུང་གིས་བོད་པ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ནས་འདྲི་གཅོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་ཡུལ་ཤུལ་ཁུལ་གྱི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། འདས་བའི་ཉི་མ་གསུམ་གྱིས་གོང་དུ་ཡུལ་ཤུལ་ཁུལ། རྫ་སྟོད་རྫོང་ཁོངས་སུ་མགྱོགས་འཕྲིན་འཐད་གཏོང་བྱེད་མཁན་བོད་པ་༦་མགྱོགས་འཕྲིན་གྱི་འཕྲིན་སྟེགས་བརྒྱུད་ནས་དངུལ་སྒོར་འདུ་འགོད་བྱས་པ་དང་སྐབས་རེར་ཁ་འཛིང་བྱས་པ། སྐབས་རེར་ཕོ་མོའི་བར་གྱི་ཁ་བརྡ་སོགས་བྱས་སོང་ཞེས་རྫ་སྟོད་རྫོང་ཉེན་རྟོག་ཁང་གི་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་འདུག

ཉེན་རྟོག་པའི་བོད་པ་འཐད་གཏོང་བ་༦་ཉེན་རྟོག་ཁང་དུ་ཁྲིད་ནས་འདྲི་གཅོད་དང་དྲྭ་རྒྱའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་ན་ཁྲིམས་གཅོད་དྲག་པོ་བྱ་རྒྱུ་ཡིན་ཞེས་བསྒྲགས་ཡོད་པར་མ་ཟད། ཕྱིན་ཆད་རྒྱལ་ཁབ་ཀྱི་དྲྭ་རྒྱའི་སྒྲིག་ཁྲིམས་ལ་འགལ་འཛོལ་མི་བྱེད་པའི་ཁས་ལེན་ཡིག་ཆར་མཛུབ་ཐེལ་རྒྱག་ཏུ་བཅུག་ཡོད་ཅིང་། བོད་པ་དེ་དག་གི་ཁ་པར་ཨང་གྲངས་དང་ཐོབ་ཐང་དབང་ཡིག་སོགས་ཐོ་འགོད་བྱས་པའི་གནས་ཚུལ་ཐོན། སྦྱིར་མགྱོགས་འཕྲིན་ཞེས་པའི་འཕྲིན་སྟེགས་ནི་མང་ཚོགས་ཀྱིས་ཚོང་ལས་གཉེར་ས་དང་སློབ་ཁྲིད་ལ་ཉན་ས། བཟའ་བཏུང་གི་རིགས་གཡོ་སྐོལ་བྱེད་པ་སོགས་སློབ་ཁྲིད་བྱ་ཡུལ་འཕྲིན་སྟེགས་ཤིག་ཡིན་ཞིང་། ལྷག་པར་དུ་གླུ་ལེན་གར་འཁྲབ། མཚམས་རེར་ཁ་འཛིང་བྱེད་པ་དང་ཕན་ཚུན་འཇིགས་སྐུལ་བྱེད་པ་ལ་སོགས་ཀྱི་འཁྲབ་སྟོན་རྣམས་ཐད་གཏོང་བྱས་ནས་དངུལ་སྒོར་འདུ་འགོད་བྱས་ཏེ་ཡོང་འབབ་ཧ་ཅང་ཡག་པོ་ཡོད་པའི་འཕྲིན་སྟེགས་ཤིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མགྱོགས་འཕྲིན་གྱི་འཕྲིན་སྟེགས་སུ་བརྙན་ཐུང་དང་པར་རིས་སོགས་ཀྱི་སྟེང་དུ་བོད་ཡིག་བྲིས་པའམ། ཡང་ན་འཕྲིན་སྟེགས་ཀྱི་མིང་བྱང་ལ་བོད་ཡིག་བྲིས་ན་བཀག་འགོག་བྱེད་ཀྱི་འདུག འཐད་གཏོང་སྐབས་སུ་བོད་ཆས་གྱོན་པ་དང་བོད་སྐད་ཁོ་ན་བཤད་ན་ཉིན་གཅིག་ནས་ཟླ་བ་གཅིག་ཡས་མས་སུ་འཐད་གཏོང་བྱེད་དུ་མ་བཅུག་པར་འཕྲིན་ལམ་སྒོ་རྒྱག་གི་འདུག འདི་ནི་ང་ཚོ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་བཀག་པ་ཞིག་རེད། རྒྱ་གཞུང་གིས་དེ་ཁྲིམས་མཐུན་ཡིན་མིན་གྱི་གསལ་བཤད་གང་ཡང་བྱེད་ཀྱི་མི་འདུག་ཅེས་བརྗོད་སོང་། འདི་དང་དུས་མཚུངས་སུ་རྒྱ་ནག་གཞུང་གི་གསར་འགྱུར་ནང་དུ་ཕྱི་ཚེས་༡༧་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ། རྫ་སྟོད་རྫོང་དྲྭ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཞིབ་བཤེར་བྱས་པར་རྫ་སྟོད་རྫོང་གི་དྲྭ་དམངས་༦་གིས་ཐད་གཏོང་འཕྲིན་སྟེགས་སྤྱད་ནས་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད། ཚུལ་མཐུན་མིན་པའི་སྐད་ཆ་སོགས་བཤད་པ་ཤེས་རྟོགས་བྱུང་མ་ཐག་ཏུ་རྫོང་གི་དྲྭ་རྒྱའི་བདེ་འཇགས་རུ་ཆེན་གྱིས་འཕྲལ་དུ་ཉེན་རྟོག་པ་རྩ་འཛུགས་བྱས་ནས་ཆུ་ཚོད་༣༢་ཀྱི་ནང་ཚུད་དུ་དྲྭ་རྒྱའི་ཐད་གཏོང་གི་ཆགས་སྲེད་ཆ་འཕྲིན་ཁྱབ་སྤེལ་བྱེད་པའི་ཁྲིམས་འགལ་གྱི་དོགས་ཡོད་ཉེས་ཅན་༦་འཛིན་བཟུང་བྱས་པ་ཡིན། ཁོ་ཚོ་སྐྱེས་པ་༢་དང་བུད་མེད་༤་རེད། དོ་བདག་སོ་སོས་རང་ལ་ནག་ཉེས་ཡོད་པ་ངོས་ལེན་བྱས་སོང་། དོགས་ཡོད་ཉེས་ཅན་༦་ཉིན་༡༠་ནས་༡༤་བར་དུ་བཀར་ཉར་དང་ཐད་གཏོང་རྣམས་ཟླ་གཅིག་ནས་གསུམ་གྱི་བར་སྒོ་བརྒྱབ་པ་ཡིན་ཞེས་བཀོད། སྔ་ལོ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་གྱི་བོད་པ་འཐད་གཏོང་བ་མང་པོ་ཞིག་ཀྱང་གོང་ལྟར་འཛིན་བཟུང་དང་བཀག་ཉར། ཁོ་ཚོར་དཔལ་འབྱོར་གྱི་ཉེས་ཆད་ཀྱང་བཅད་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG