ངོ་འཕྲད་བདེ་བའི་དྲ་འབྲེལ།

མགོ་ལོག་ལ་ས་ཡོམ་འགུལ་ཚད་༧་༤་ཅན་ཞིག་བྱུང་སྟེ་ཁང་པར་གས་སྐྱོན།


༄༅།། ཕྱི་ཚེས་༢༢་ཉིན་གྱི་མཚན་མོའི་ཆུ་ཚོད་༢་དང་སྐར་མ་༤༠་ཡས་མས་སུ་བོད་ནང་གི་མགོ་ལོག་ཁུལ། རྨ་སྟོད་རྫོང་དུ་ས་འགུལ་ཚབས་ཆེན་ཞིག་བརྒྱུགས་ཡོད་པའི་གནས་ཚུལ་ཐོན་ཞིང་། དེ་ཡང་ས་གནས་དེའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། མདང་དགོང་མཚན་གྱི་རྒྱ་ནག་གི་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་གློ་བར་དུ་ས་འགུལ་བྱུང་ནས་རྨ་སྟོད་རྫོང་དང་རྨ་ཆེན་ཡུལ་ཚོ་བཅས་སུ་མི་མང་ལ་སྐྲག་དངངས་ཆེན་པོ་བྱུང་སོང་། མི་མང་རྣམས་ཁང་པའི་ནང་དུ་འདུག་མ་ཕོད་པར་འཕྲལ་དུ་ཕྱི་ལ་བྲོས། རྗེས་སུ་སླར་ཡང་ཡོམ་ཡོམ་ཆེ་ཆུང་ཐེངས་འགའ་ཞིག་བྱུང་ཡང་སྟབས་ལེགས་པ་ཞིག་ལ་མིག་སྔར་མི་ལ་ཚེ་སྲོག་བྱུང་བའི་གནས་ཚུལ་འདྲ་གོ་ཐོས་མི་འདུག རྨ་སྟོད་རྫོང་གི་ཁང་པ་ཐོག་བརྩེགས་ཅན་དེ་དག་ལ་གས་སྲུབས་ཤོར་བ་དང་ཁང་པའི་ནང་གི་ཅ་དངོས་ལའང་གཅག་སྐྱོན་བྱུང་འདུག འབྲོག་སའི་བོད་པ་ཚོའི་ཁང་པ་མང་པོར་ཞིག་སྐྱོན་ཐེབས་པ་དང་རྩིག་གྱང་སོགས་ལ་གས་སྲུབས་ཤོར་བ། མི་ཁག་ཅིག་གི་རྐང་ལག་ལ་ཆག་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག གུང་ཧོ་ནས་ཡུལ་ཤུལ་ཕྱོགས་སུ་འགྲོ་སའི་མྱུར་སྐྱོད་གཞུང་ལམ་ལ་གས་སྲུབས་ཤོར་ཡོད་པར་མ་ཟད། ཟམ་པ་མང་པོ་ཞིག་བརྡིབས་ནས་རླངས་འཁོར་འགྲོ་འོང་བྱེད་མི་ཐུབ་པའི་གནས་སུ་ལྷུང་འདུག་ཅེས་བརྗོད་འདུག

འདི་དང་དུས་མཚུངས་སུ་མགོ་ལོག་དགའ་བདེ་རྫོང་གི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་ཀྱང་ཐེངས་འདིའི་ས་འགུལ་དེ་མགོ་ལོག་ཁུལ་གྱི་དགའ་བདེ་རྫོང་། ལུང་སྔོན་དགོན་པའི་གཡས་གཡོན་དང་ཁོ་ཆུ་ཁོག་བཅས་སུའང་བརྒྱུགས་ནས་མང་ཚོགས་ཀྱི་ཁང་པ་མང་པོར་གས་སྲུབས་ཤོར་ནས་དཔལ་འབྱོར་གྱི་གྱོང་གུད་ཐེབས་འདུག མི་མང་གིས་རང་ངོས་ནས་ཁང་པ་སོགས་ཞིག་སྐྱོན་ཐེབས་ཡོད་པ་རྣམས་བརྙན་ཐུང་དང་འདྲ་པར་བླངས་ནས་རྒྱ་གཞུང་ལ་རོགས་སྐྱོར་ཞུ་ཐབས་བྱེད་ཀྱི་འདུག མགོ་ལོ་ཁུལ་གྱི་རྫོང་ཁག་ཕལ་ཆེ་བར་ས་འགུལ་གྱི་གནོད་འཚེ་ཐེབས་འདུག དེ་བཞིན་འབའ་རྫོང་དང་ཟི་ལིང་གྲོང་ཁྱེར་བཅས་ལའང་ས་འགུལ་ཅུང་ཙམ་བརྒྱུགས་ནས་མི་མང་ལ་དངངས་སྐྲག་ཆེན་བསླངས་འདུག་ཅེས་འགྲེལ་བརྗོད་གནང་སོང་།།

བོད་ནང་གི་བོད་པ་སྒེར་པ་མང་པོ་ཞིག་གིས་རང་རང་གི་སྐད་འཕྲིན་སོགས་ཀྱི་རྒྱབ་ལྗོངས་སུ་བརྙན་ཐུང་བཞག་ནས་གནས་ཚུལ་སྤེལ་བ་དེ་དག་གི་ནང་དུ་འཁོད་པ་ལྟར་ན། རྨ་སྟོད་རྫོང་གི་བོད་པའི་འབྲོག་སྡེ་ཞིག་གི་ཟོག་ར་དང་ལུག་ར་མང་པོ་ཞིག་བརྡིབས་ནས་ཁྱིམ་ཚང་གཅིག་གི་ལུག་༣༤་སྡེབ་གསོད་བྱུང་བ་དང་ལུག་༢༠་ལྷག་རྨས་པ། དུད་ཁྱིམ་གཅིག་གི་ཁང་པ་བརྡིབས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་རྫོང་སྨན་ཁང་དུ་མྱུར་སྐྱོབ་བྱེད་དུ་ཁྱེར་འདུག་ཅེས་བཀོད། ད་དུང་རྫོང་དུ་བཅའ་སྡོད་སློབ་ཕྲུག་ཚོ་རྩེད་ཐང་དུ་འདུས་ནས་ཁང་པའི་ནང་དུ་འདུག་མ་ཕོད་པའི་པར་རིས་སོགས་བཀོད་འདུག ཕྱི་ཚེས་༢༡་ཉིན་གྱི་དགོང་མོར་ཡུན་ནན་ཞིང་ཆེན་གྱི་ཏ་ལི་ཁུག དབྱང་པེ་རྫོང་དུ་ས་ཡོམ་འགུལ་ཚད་༦་༤་ཅན་ཞིག་བྱུང་སྟེ་མི་མང་པོ་ཞིག་ལ་རྨས་སྐྱོན་དང་འགའ་ཞིག་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རམགོ་ལོག་རྨ་སྟོད་རྫོང་གི་ས་ཡོམ་སྐོར་གནས་ཚུལ་ཐོན་པ་ལྟར་ན། མི་གྲངས་༡༦་ལ་རྨས་སྐྱོན་ཕོག་པ་དང་ཟམ་ཆེན་བཞི་བརྡིབས་པ། མྱུར་སྐྱོད་གཞུང་ལམ་ཁ་ཤས་ལ་གས་སྐྱོན་བྱུང་བ། སྔ་ཕྱི་གཉིས་སུ་ས་ཡོམ་གཞུག་གི་གཡོ་འགུལ་ཆེ་ཆུང་ཐེངས་བརྒྱ་ལྷག་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG