ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་བྱང་ཤར་ས་ཁུལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ། 


པེ་ཅིང་དུ་ནད་དུག་བརྟག་དཔྱད་ས་ཚིགས་གསར་རྒྱག ༢༠༢༡།༡།༡༨

༄༅།། རྒྱ་ནག་གི་ཅི་ལིན་ཞིང་ཆེན་དང་ལེའོ་ཉིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་བཅས་བྱང་ཤར་ཕྱོགས་ཀྱི་ཞིང་ཆེན་གསུམ་དང་ཧི་པེ་ཞིང་ཆེན་བཅས་རྒྱ་ནག་གི་ཞིང་ཆེན་ཁག་བཞིའི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་སྟེ། ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༡༨་བྱུང་སོང་། ཅི་ལིན་ཞིང་ཆེན་དུ་ནད་པ་༤༣་དང་ཧི་པེ་ཞིང་ཆེན་དུ་ནད་པ་༣༥་འདུག ཨུ་རུ་སུའི་ས་མཚམས་སུ་ཆགས་པའི་ཧེ་ལུང་ཅང་ཞིང་ཆེན་དུ་ནད་པ་གསར་པ་༢༧་བྱུང་སོང་ཞེས་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷང་ཁང་གིས་ཁྱབ་བསྒྲགས་བྱས་ཤིང་། ཕྱི་ཟླ་༢་པའི་ཚེས་༡༡་ཉིན་རྒྱ་ནག་གི་ལོ་སར་སླེབས་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་འགྲོ་འོང་བཀག་སྡོམ་ཀྱི་ས་ཁུལ་ཇེ་མང་དུ་བཏང་སྟེ་མི་དམངས་རྣམས་ལོ་སར་གྱི་དུས་སུ་རང་ཁྱིམ་ལ་སླེབས་ཐུབ་རྒྱུ་མིན་ཞིང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་དང་པེ་ཅིང་གྲོང་ཁྱེར་ཕྱི་ལོགས་ཀྱི་གྲོང་གསེབ་ཁག་ཏུའང་འགྲོ་འོང་བཀག་སྟེ་ཡུལ་མི་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་བཀོད་ཁྱབ་བཏང་འདུག ཡིན་ནའང་རྒྱ་ནག་གཞུང་གིས་པེ་ཅིང་གྲོང་ཁྱེར་གྱི་ས་ཁུལ་ཁག་ཅིག་དང་གྲོང་ཁྱེར་ཕྱི་ལོགས་ཀྱི་ས་ཁུལ་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཅི་ཙམ་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད།།

ད་ལྟ་རྒྱ་ནག་གི་ལེའོ་ཉིང་ཞིང་ཆེན་གྱི་ས་གནས་ཁག་ཅིག་ལའང་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པས་རིམས་ནད་སྔོན་འགོག་ཆེད་དུ་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་མི་རྣམས་ཟུར་འགོག་དང་འགྲིམ་འགྲུལ་བཀག་སྡོམ། མི་མང་ལ་འགྲིམ་འགྲུལ་བྱེད་མི་ཉན་པའི་ཉེན་བརྡ་བཏང་བ་དང་སློབ་གྲྭ་རྣམས་བདུན་ཕྲག་གཅིག་གི་སྔོན་ལ་གུང་སེང་གཏོང་དགོས། ལེའོ་ཉིང་ཞིང་ཆེན་གྱི་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག རྒྱལ་ས་པེ་ཅིང་གི་ཉེ་འཁྲིས་སུ་ཆགས་ཡོད་པའི་རྒྱ་ནག་གི་ཧི་པེ་ཞིང་ཆེན་གྱི་རྒྱལ་ས་ཧྲི་ཅ་ཀྲོང་གྲོང་ཁྱེར་གཞུང་གིས་མི་༣༠༠༠་རེ་ཤོང་བའི་ལྷུ་སྒྲིག་བྱེད་ཆོག་པའི་ཟུར་འགོག་ཁང་འཛུགས་སྐྲུན། ཉེ་ཆར་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཧི་པེ་ཞིང་ཆེན་ལ་གནམ་གྲུ་དང་མེ་འཁོར་གྱི་འགྲིམ་འགྲུལ་བཀག ཧི་པེ་ཞིང་ཆེན་གྱི་མི་རྣམས་པེ་ཅིང་ལ་ཡོང་མི་ཆོག་ཅེས་བཀག་སྡོམ་བྱས་ནས་མི་གྲངས་༡༡༠༠༠༠༠༠་ལྷག་རང་ཁྱིམ་དུ་བཀག་ཡོད་ཅིང་། ༢༠༢༠་ལོའི་ཕྱི་ཟླ་༣་པའི་ཚུན་ཆད་ནས་རྒྱ་ནག་ལ་བྱུང་མྱོང་མེད་པའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཇེ་མང་དང་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཤུགས་ཇེ་ཆེ། རྒྱལ་སྤྱིའི་ཐོག་ཏུ་༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་ཀྱང་རྒྱ་ནག་གིས་ནད་ཡམས་དེར་སྔོན་འགོག་ཡག་པོ་ཞིག་བྱས་མི་འདུག་ཅེས་སྐྱོན་བཙུགས།།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱལ་ཁབ་གཅིག་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཉམས་མྱོང་མེད། ང་ཚོས་ནད་ཡམས་གསར་པ་དེར་སྔོན་འགོག་བྱས་པའི་གྲུབ་འབྲས་ལ་གཞིགས་ན་རྒྱལ་ཁབ་གཞན་པ་གཅིག་གིས་ཀྱང་བསྒྲུབ་མི་ཐུབ་པ་ཞིག་རྒྱ་ནག་གིས་བསྒྲུབས་ཡོད། རིམས་ནད་འདི་རྣམས་བསྐྱར་དུ་མི་འབྱུང་ཞེས་རྒྱལ་ཁབ་གཅིག་གིས་ཀྱང་འགན་ལེན་བྱེད་མི་ཐུབ་ཅེས་རྒྱལ་སྤྱིའི་སྐྱོན་བརྗོད་དེ་ཚོར་དགག་པ་བརྒྱབ། རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་བསྟུད་མར་ཐོན་ཏེ་ཉིན་བདུན་པ་དེ་འགྲོ་བཞིན་ཡོད། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༩་ཐོན་སོང་། མི་༡༠༦་ལ་རྒྱ་ནག་གི་ནང་ཁུལ་དུ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་བསྒྲགས། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་བྱུང་བའི་ནད་པ་༨༨༤༥༤་བྱུང་ཡོད། མི་༤༦༣༥་ལ་འཆི་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ལྡབ་བཅུ་ཕྲག་འགའ་ཞིག་མང་བ་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། དེང་སྐབས་རྒྱ་ནག་གཞུང་གིས་ཧི་པེ་ཞིང་ཆེན་དང་ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་དང་ལེའོ་ཉིང་ཞིང་ཆེན། པེ་ཅིང་གྲོང་ཁྱེར་གྱི་མཐའ་འཁོར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པའི་གྲངས་འབོར་ཞིག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པའང་གྲངས་འབོར་ངོ་མ་ཡིན་པའི་དོགས་གནས་སུ་གྱུར་ཡོད་པ་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་རྣམས་ཝུ་ཧན་ལ་སླེབས་པ། ༢༠༢༡།༡།༡༤
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་རྣམས་ཝུ་ཧན་ལ་སླེབས་པ། ༢༠༢༡།༡།༡༤

བདུན་ཕྲག་སྔོན་མ་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་རུ་ཁག་ཅིག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་བཏང་ནས་ནད་དུག་དེའི་འབྱུང་ཁུངས་ལ་བརྟག་དཔྱད་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ལོ་གཅིག་ལྷག་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་རྣམས་ཝུ་ཧན་ལ་ཡོང་དུ་མ་བཅུག་པར་བཀག ལྷག་པར་དུ་རྒྱ་ནག་གཞུང་གིས་ཐོག་མར་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག་ཅེས་ཉེན་བརྡ་གཏོང་མཁན་རྣམས་ཁ་བཀག་སྟེ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ། རྒྱལ་སྤྱིའི་རང་བཙན་གྱི་ནད་ཡམས་སྔོན་འགོག་ལྷན་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་འཐུས་ཤོར་བཏང་འདུག ན་ནིང་ཕྱི་ཟླ་དང་པོ་ནས་རྒྱ་ནག་དབུས་གཞུང་དང་ཞིང་ཆེན་གཞུང་། ས་གནས་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ཤུགས་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱང་མ་བསྒྲུབས་པར་འཐུས་ཤོར་བཏང་འདུག་ཅེས་སྐྱོན་བརྗོད་བྱས་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིང་གིས་ང་ཚོས་ཝུ་ཧན་གྲོང་ཁྱེར་ལ་ནད་ཡམས་ཤིག་ཁྱབ་ཀྱི་ཡོད་པ་ཤེས་རྟོགས་ཐུབ་མ་ཐག་ཏུ་འགྲིམ་འགྲུལ་བཀག་སྡོམ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་བརྡ་བཏང་བ་ཡིན། རྒྱ་ནག་མི་དམངས་རྣམས་རང་ཁྱིམ་དུ་བཀག་ནས་ནད་ཡམས་སྔོན་འགོག་གི་ལས་དོན་བསྒྲུབས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་མི་ལ་ནད་དུག་འགོ་རྒྱུ་དང་འཆི་སྐྱོན་འབྱུང་རྒྱུ་ཉུང་དུ་གཏོང་ཐུབ་ཡོད་ཅེས་བཤད།།

ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ཕྱིར་སྒྲོགས་བྱེད་མཁན་སྤྱི་དམངས་གསར་འགོད་པ་ཀྲང་ཀྲན་ཞེས་པ་ཞིག་ལ་རྒྱ་ནག་གཞུང་གིས་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཝུ་ཧན་གྲོང་ཁྱེར་དུ་ཁྱབ་པའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་སྟེ་མི་གྲངས་༩༥༦༠༠༠༠༠་ལྷག་ལ་ནད་དུག་འགོས། མི་གྲངས་༢༠༠༠༠༠༠་ལྷག་ལ་འཆི་སྐྱོན། ཨ་མི་རི་ཀ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༤༠༠༠༠༠༠་ལྷག་བྱུང་བ་དང་མི་༤༠༠༠༠༠་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་། ད་དུང་འཛམ་གླིང་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉམས་རྒུད་དང་ཚོང་ལས་ཉམས་ཆག མི་དམངས་ས་ཡ་མང་པོའི་ལས་ཀ་ཤོར་ཏེ་འཚོ་བའི་དཀའ་ངལ་འཕྲད། སློབ་ཕྲུག་དུང་ཕྱུར་མང་པོ་འཛིན་གྲྭར་འཚོགས་མ་ཐུབ་པར་མི་རབས་གཅིག་གི་ཤེས་ཡོན་སློབ་སྦྱོང་ལ་བར་ཆད། ཟླ་ཤས་གོང་ནས་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་གསར་བཟོ་བྱས་ཐུབ་ཀྱང་འཛམ་གླིང་ཡོངས་ལ་འགོག་ཁབ་ཆ་མཉམ་ཞིག་བགོ་འགྲེམ་ཐུབ་ཀྱི་མེད་པ། ༢༠༢༡་ལོ་འདིར་སྤྱི་ཡོངས་ཀྱི་ཆ་ནས་ཏོག་དབྱིབས་ནད་དུག་འགོག་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་ཀྱང་ནད་ཡམས་དེའི་མཇུག་འབྲས་ངན་པ་མ་འོངས་པའི་ལོ་བཅུ་ཕྲག་མང་པོར་མྱོང་དགོས་ཐུག་སྲིད་པའི་ཉེན་ཁ་ཡོད་པ་རེད།།

XS
SM
MD
LG