ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

འབྲུག་ཡུལ་དང་ཨོ་གླིང་གི་འབྲེལ་བ་དང་མཉམ་འབྲེལ་ལས་གཞི་ཁག 


༄༅།། འབྲུག་ཡུལ་དུ་བཅའ་སྡོད་ཨོ་གླིང་གི་གཞུང་ཚབ་པ་གཞོན་པ་སེ་རཱ་སི་ཊོ་རེ་ཡིས་ང་ཚོས་འབྲུག་ཡུལ་གྱི་མངོན་འདོད་དང་བསྒྲུབ་བྱ་ཁག་ཅི་ཡིན་མཉན་ནས་རྒྱུས་ལོན་བྱ་རྒྱུའི་མོས་པ་ཡོད་ཅེས་གསར་འགོད་པར་གླེང་མོལ་གནང་འདུག ད་ལོ་ནི་འབྲུག་ཡུལ་དང་ཨོ་གླིང་གཉིས་ཀྱིས་ཕྱི་འབྲེལ་ཚུགས་ནས་ལོ་༢༠་འཁོར་བའི་དུས་ཚིགས་ཡིན་ཞིང་། ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་རྒྱལ་ས་ཐིམ་ཕུར་བཅའ་སྡོད་ཨོ་གླིང་གི་གཞུང་ཚབ་པ་གཞོན་པར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། སེ་རཱ་སི་ཊོ་རེ་ཡིས་ང་ནི་སྔ་ལོའི་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་འབྱོར་བ་ཡིན། འོན་ཀྱང་སྐབས་དེར་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་འབྲུག་ཡུལ་ལ་ས་མཚམས་བཀག་འདུག ཉེ་ཆར་ང་འབྲུག་ཡུལ་དུ་བསླེབས་པ་ཡིན། ༢༠༢༢་ནི་ཨོ་གླིང་དང་འབྲུག་ཡུལ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༢༠་འཁོར་བའི་དུས་ཚིགས་རེད། ང་རང་དངོས་སུ་འབྲུག་ཡུལ་དུ་བསླེབས་ནས་ཨོ་གླིང་གིས་རོགས་སྐྱོར་ལས་གཞི་ཁག་ཅིག་གཉེར་གྱི་ཡོད་པ་དེའི་གྲུབ་འབྲས་ཁག་ལ་རྟོག་ཞིབ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་འདོད་ཡོད། ང་འབྲུག་ཡུལ་དུ་འབྱོར་ནས་ཉིན་ཤས་ལས་ཕྱིན་མེད་ཀྱང་ཕྱི་སྲིད་བློན་ཆེན་དང་འཕྲོད་བསྟེན་བློན་ཆེན། འབྲུག་ཡུལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དང་གནད་ཡོད་མི་སྣ་འགའ་ཞིག་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གོ་སྐབས་བྱུང་སོང་། ཐུག་འཕྲད་དེ་དག་བརྒྱུད་ནས་ཨོ་གླིང་ནི་འབྲུག་པའི་སློབ་ཕྲུག་ཚོ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་ཡུལ་ཆེས་དགའ་ཤོས་ཡིན་པ་ངོ་འཕྲོད་སོང་ཞེས་བཤད་འདུག

ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༡༤་ཉིན་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ཕེ་ནི་ཝང་གིས་གསར་འགོད་གསལ་བསྒྲགས་སྤེལ་ནས་དེ་རིང་ནི་ཨོ་གླིང་དང་འབྲུག་ཡུལ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ཏེ་ལོ་༢༠་འཁོར་བའི་དུས་དྲན་རེད། དེ་རིང་ཕྱི་དྲོར་ང་དང་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་གཉིས་ཐུག་འཕྲད་བྱུང་སྟེ་གལ་ཆེའི་དུས་སྐབས་འདིའི་གནད་འགག་ལ་ངོས་འཛིན་ཞུས་པ་ཡིན། ང་ཚོས་ཕྱི་ལོ་༢༠༠༢་ལོར་མ་གཏོགས་ཕྱི་འབྲེལ་འཛུགས་ཐུབ་མེད་ཀྱང་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ནི་སྔ་མོ་ནས་ཚུགས་ཡོད་ཅིང་། ༡༩༦༠་རེ་གྲངས་ནས་འབྲུག་ཡུལ་དང་ཨོ་གླིང་གི་འབྲེལ་བའི་རྩ་བ་ཤེས་ཡོན་སློབ་སྦྱོང་ཐོག་ཏུ་ཚུགས་ཡོད། ༢༠༠༩་ནས་ཨོ་གླིང་གིས་འབྲུག་པའི་སློབ་ཕྲུག་ཚོར་སློབ་ཡོན་གྱི་གཟེངས་རྟགས་སྤྲོད་རྒྱུའི་ལམ་སྲོལ་ཞིག་གཏད། ད་ལྟའི་བར་དུ་འབྲུག་པའི་སློབ་ཕྲུག་༤༠༠་ལྷག་ཨོ་གླིང་གི་སློབ་གྲྭ་ཁག་ནས་སློབ་སྦྱོང་ཐོན། ང་ཚོས་མུ་མཐུད་དུ་ཨོ་གླིང་གི་ཤེས་ཡོན་སློབ་གྲྭ་ཁག་ཏུ་འབྲུག་པའི་སློབ་ཕྲུག་མང་ཙམ་བསུ་ལེན་བྱ་རྒྱུའི་འདུན་པ་ཡོད། ང་ཚོའི་མི་དམངས་དང་མི་དམངས་ཀྱི་འབྲེལ་བ་དེས་ཕྱོགས་གཉིས་ཀྱི་འབྲེལ་ཡར་རྒྱས་གཏོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པར་མ་ཟད། ༢༠༡༦་ལོར་འབྲུག་པའི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ཨོ་གླིང་དུ་འཚམས་འདྲིར་ཕེབས་པ་དང་༢༠༢༡་ལོར་ཨོ་གླིང་དུ་བཅའ་སྡོད་འབྲུག་པའི་གཞུང་ཚབ་ཁང་སྒོ་ཕྱེ་སྟེ་ཨོ་འབྲུག་གི་འབྲེལ་བ་སྲ་བརྟན་བྱུང་ཞིང་། ང་དང་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་གཉིས་ཐུག་འཕྲད་བྱུང་བའི་སྐབས་སུའང་ཨོ་གླིང་གཞུང་གིས་འབྲུག་ཡུལ་གྱི་ཡར་རྒྱས་གོང་འཕེལ་ལ་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ཟློས་བྱས་ཡོད། ང་ལ་མ་འོངས་པའི་ལོ་ཟླ་དེ་དག་གི་ནང་དུ་ཨོ་འབྲུག་གི་འབྲེལ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀོད། ༡༩༦༢་ལོར་སྐབས་དེའི་ཨོ་གླིང་གི་སྲིད་བློན་རོ་བྷར་ཊི་གྷོར་ཌོན་མེན་ཛི་སི་ཡིས་འབྲུག་ཡུལ་གྱི་སྐུ་ཚབ་ཅིག་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོར་ཚོགས་པའི་འཆར་འགོད་ཚོགས་འདུར་གདན་འདྲེན་ཞུས། དེ་ནི་ཕྱོགས་གཉིས་བར་དུ་འབྲེལ་བ་བྱུང་བ་ཐོག་ཡིན་འདུག

༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་དེར་ཨོ་གླིང་གཞུང་གིས་འབྲུག་པའི་སློབ་ཕྲུག་སྦྱངས་འབྲས་ལེགས་གྲས་ཁག་ཅིག་ལ་གཙུག་ལག་རབ་འབྱམས་པའི་སློབ་ཡོན་རོགས་རམ་སྤྲོད་ཀྱི་ཡོད་པ་དེའི་ཞོར་དུ་བུད་མེད་གཉིས་ལའང་འགྲིམ་འགྲུལ་དང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་ལག་འཁྱེར་སྤྲོད་རྒྱུའི་ཐག་བཅད། ༢༠༢༠་ལོར་འབྲུག་པའི་སློབ་ཕྲུག་༥༠༠་ལྷག་གིས་སྙན་ཞུ་ཕུལ་བ་དེའི་ཁོངས་ནས་བུད་མེད་༩་དང་སྐྱེས་པ་༤་བཅས་འབྲུག་པའི་སློབ་ཕྲུག་༡༣་ལ་ཨོ་གླིང་དུ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་གཟེངས་རྟགས་ཐོབ། རྒྱ་གར་དུ་བཅའ་སྡོད་ཨོ་གླིང་གཞུང་ཚབ་ཁང་གི་འགོ་ཁྲིད་གཞོན་པས་ཁྱོན་བསྡོམས་འབྲུག་པའི་སློབ་ཕྲུག་༢༠༠༠་ལྷག་ཨོ་གླིང་གི་སློབ་ཆེན་ཁག་ཏུ་ཚུད་དེ་སློབ་སྦྱོང་བྱེད་བཞིན་ཡོད། འབྲུག་ཡུལ་གྱི་ལས་རྩོལ་དང་མི་ཆའི་ལྷན་ཁང་གི་འགན་འཛིན་བསོད་ནམས་དབང་ཕྱུག་གིས་སྤྱི་སྒེར་གཉིས་ཡར་རྒྱས་གཏོང་བར་འབྲུག་པ་ཤེས་ཡོན་ཅན་དང་ཆེད་ལས་པ་སྐྱེད་སྲིད་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ། ཨོ་གླིང་གི་སློབ་ཡོན་གཟེངས་རྟགས་ཐོབ་སྟེ་སློབ་སྦྱོང་བྱས་པ་ཚོས་རང་གི་སྦྱངས་འབྲས་རྣམས་འབྲུག་ཡུལ་དུ་བསྔོ་དགོས། འབྲུག་ཡུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་སྒེར་པ་ཚོ་ཡར་རྒྱས་འགྲོ་དགོས་པ་གལ་འགངས་ཆེན་པོ་རེད་ཅེས་བཤད་འདུག ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་ཊིབ་ལོ་མེ་ཊི་དུས་དེབ་ལ་༢༠༢༢་ལོའི་མགོ་སྟོད་དེར་ཨོ་གླིང་རྒྱལ་ཡོངས་སུ་འབྲུག་པ་ཁྲི་ཚོ་༣་ལྷག་གནས་སྡོད་བྱེད་ཀྱི་ཡོད་པ་དང་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཚོང་ལས་དང་དཔལ་འབྱོར་ཉམས་ཆག འབྲུག་པ་ཚོར་རང་ཡུལ་དུ་ལས་ཀ་དང་ཚོང་ལས་ཀྱི་གོ་སྐབས་མེད་པར་ཨོ་གླིང་སོགས་ལ་ཐར་ཐབས་བྱེད་ཀྱི་ཡོད་པ་ཇེ་མང་རེད། འབྲུག་གཞུང་གི་སྲི་ཞུ་བ་དང་འཕྲོད་བསྟེན་ལས་སྣེ་ཇི་ཅི་སྙེད་ཅིག་གིས་རང་རང་གི་ལས་གནས་ཁག་ནས་དགོངས་པ་ཞུས་ཏེ་ཨོ་གླིང་དང་རྒྱ་གར། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཐར་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཀུན་གསལ་གསར་ཁང་གིས་གཞུང་ཚབ་པ་གཞོན་པ་སེ་རཱ་སི་ཊོ་རེ་ལ་ཨོ་གླིང་གིས་འབྲུག་ཡུལ་ལ་རོགས་སྐྱོར་རྣམ་གྲངས་ཅི་ཙམ་བྱེད་ཀྱི་ཡོད་ཅེས་དྲིས། ཨོ་གླིང་གི་གཞུང་ཚབ་པ་གཞོན་པས་ཕོ་མོའི་ཁྱད་པར་ཐོག་ཏུ་དྲག་སྤྱོད་སྤེལ་གྱི་ཡོད་པ་མེད་པར་གཏོང་རྒྱུ་དེར་ང་ཚོས་ཆོད་སེམས་བརྟན་པོ་བཙུགས་ཡོད། ཕྱི་ཟླ་༡༡་པའི་ཚེས་༢༥་ཉིན་ནི་བུད་མེད་ལ་དྲག་སྤྱོད་སྤོང་རྒྱལ་སྤྱིའི་ཉིན་མོ་ཡིན་པ་དང་ང་ནི་འབྲུག་ཡུལ་གྱི་རྒྱལ་ཡུམ་མཆོག་གིས་གཙོ་སྐྱོང་གནང་བའི་མཛད་སྒོ་དེར་བཅར་ནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོང་ཚོས་འབྲུག་ཡུལ་དུ་བུད་མེད་ལ་དྲག་སྤྱོད་སྤོང་བའི་ལས་དོན་བསྒྲུབས་པའི་གྲུབ་འབྲས་ཁག་དངོས་སུ་མཐོང་སྟེ་ང་ཚོའི་ཟླ་གྲོགས་འབྲུག་པའི་སྒྲིག་འཛུགས་ཁག་ལ་བསྔགས་བརྗོད་དང་གུས་ཞབས་ཞུ་དགོས་པ་ཞིག་ཏུ་གྱུར་སོང་། བུད་མེད་ཀྱི་སྟེང་དུ་དྲག་སྤྱོད་བཀོལ་གྱི་ཡོད་པ་ནི་འབྲུག་ཡུལ་གཅིག་པུའི་དཀའ་ངལ་ཞིག་མིན་པར་འཛམ་གླིང་ཡོངས་སུ་ཁྱབ། ཏོག་དབྱིབས་ནད་ཡམས་སྐབས་སུ་འཛམ་གླིང་ཡུལ་གྲུ་གང་སར་བུད་མེད་ཚོར་རང་གི་ཟླ་གྲོགས་ཀྱིས་དྲག་སྤྱོད་བཀོལ་རྒྱུ་ཇེ་མང་དུ་ཕྱིན་འདུག དེས་ན་ལས་དོན་འདིར་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་གནད་འགག་ཆེ། འབྲུག་ཡུལ་གྱི་སློབ་གྲྭ་ཁག་ཏུ་བྱིས་པ་ཚོར་བུ་མོ་དང་བུད་མེད་ཀྱི་ཐོབ་ཐང་ཐད་སློབ་གསོ་སྤྲོད་ཀྱི་ཡོད་པ་ཁོ་ན་མ་རེད། བུ་དང་སྐྱེས་པ་ཚོའི་ཐོབ་ཐང་ཡང་གླེང་དགོས། ཕོ་མོའི་ཁྱད་པར་ཐོག་ཏུ་དྲག་སྤྱོད་སྤེལ་ན་དཔལ་འབྱོར་འཕེལ་རྒྱས་དང་མིའི་བདེ་ཐང་ལ་གནོད་སྐྱོན་འབྱུང་། འབྲུག་ཡུལ་གྱི་སྒྲིག་འཛུགས་ཁག་གིས་བུད་མེད་དྲག་སྤྱོད་མྱོང་མཁན་ཚོར་སྡོད་གནས་བཀོད་སྒྲིག་དང་བུད་མེད་དེ་དག་ལ་སྦྱོང་བརྡར་སྤྲད་ནས་རང་མགོ་ཐོན་ཐབས། ཁོ་ཚོས་འཚོ་བ་གསར་པ་ཞིག་འགོ་འཛུགས་ཐུབ་པའི་རོགས་སྐྱོར་བྱེད་ཀྱི་འདུག ང་ཕྱི་ཟླ་༡༡་པའི་ཚེས་༢༥་ཉིན་འབྲུག་ཡུལ་གྱི་འཕྲོད་བསྟེན་བློན་ཆེན་ལ་ཐུག་པ་དང་འབྲུག་གཞུང་གིས་བུད་མེད་ཀྱི་མངའ་སྐེའི་འབྲས་ནད་རྩ་འཇོམས་གཏོང་ཐབས་བྱེད་ཀྱི་ཡོད་པ་ནི་མངོན་པར་བསྟོད་འོས་ཞེས་བཤད་འདུག

ཀུན་གསལ་གསར་ཁང་གི་གསར་འགོད་པས་ཨོ་གླིང་དང་འབྲུག་ཡུལ་གྱི་མཉམ་འབྲེལ་ལས་གཞི་ཁག་ལ་གྲུབ་འབྲས་ཅི་ཙམ་ཐོན་འདུག་ཅེས་དྲིས། གཞུང་ཚབ་པ་གཞོན་པ་སེ་རཱ་སི་ཊོ་རེ་ཡིས་བུད་མེད་ལ་ཆུ་ཞེས་པའི་ལས་གཞི་གཉེར་ནས་འབྲུག་ཡུལ་གྱིས་ཆུ་གཙང་མ་བྱས་པའི་ལས་གཞི་དེར་གྲུབ་འབྲས་བརྒྱ་ཆ་བརྒྱ་ཐམ་པ་དང་གཟེངས་སུ་མཐོ་བ་ཞིག་ཐོན་འདུག ང་ཚོས་འབྲུག་གི་རྫོང་ཁག་༤་ལ་ཆུ་གཙང་མ་ཞིག་མཁོ་སྤྲོད་བྱེད་ཐུབ་པའི་ལས་གཞི་གཉེར་བ་ཡིན། ཡིན་ནའང་ཡུལ་སྡེ་ཁག་གི་སྐྱེ་བོ་སྒེར་པ་ཚོས་ཀྱང་རང་འགན་རང་སྟེང་དུ་བླངས་ཏེ་གྲུབ་འབྲས་གང་ལེགས་ཐོན། མི་མང་ལ་ཆུ་ཡོད་ན་གཙང་སྦྲ་འཕྲོད་བསྟེན་གྱི་གོ་རྟོགས་ཀྱང་མཐོ་རུ་འགྲོ་ཐུབ། འདས་པའི་ལོ་མང་རིང་ང་ཚོས་ལག་ཤེས་སྦྱོང་བརྡར་སྤྲད་པ་ཡིན། དེ་ནི་ང་ཚོས་འབྲུག་ཡུལ་ལ་མཉམ་འབྲེལ་བྱས་ནས་ཡར་རྒྱས་བཏང་བའི་འབྲས་བུ་གཙོ་བོར་བརྩི་ཆོག འབྲུག་པའི་ཁྱིམ་ཚང་མང་པོས་ཨོ་གླིང་སློབ་སྦྱོང་བྱ་ཡུལ་དུ་བདམས་པར་ང་ཚོ་དགའ་མོས་བྱུང་། འབྲུག་ཡུལ་གྱི་བློན་ཆེན་ཚོའི་གྲས་སུ་ཨོ་གླིང་ནས་ཐོན་པའི་སློབ་ཟུར་མཐུན་ཞིག་ཡོད་པ་ནི་ང་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་རེད། ད་ལྟའི་འབྲུག་ཡུལ་གྱི་སྲིད་བློན་མཆོག་ཨོ་གླིང་གི་ཀན་བྷེ་ར་སློབ་གྲྭ་ཆེན་མོ་ནས་ཚོང་ལས་ཀྱི་གཙུག་ལག་རབ་འབྱམས་པ་ཐོན་པ་རེད། ལོ་ཤས་གོང་ནས་ཨོ་གླིང་གིས་འབྲུག་ཡུལ་ལ་ཟས་བཅུད་ཡར་རྒྱས་གཏོང་བའི་རོགས་སྐྱོར་གྱི་ལས་གཞི་སྒྲུབ་ཀྱི་ཡོད། ང་ཚོ་མཉམ་འབྲེལ་བྱས་ནས་ལས་གཞི་ཁག་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེ། ང་ཚོ་འབྲུག་ཡུལ་གྱི་མངོན་འདོད་དང་གཞུང་གི་འཆར་གཞི་ཁག་ལ་ཉན་འདོད་ཡོད། ནད་ཡམས་དུས་སུ་རྒྱལ་པོ་མཆོག་ནས་འབྲུག་པ་ཚོ་རང་གི་རྐང་པའི་ཐོག་ཏུ་ལངས་ཐུབ་པ་དང་འབྲུག་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་གཏོང་བར་ལག་ཤེས་དང་སྦྱོང་བརྡར་གྱི་སློབ་སྦྱོང་མཁོ་དགོས་ཆེན་པོ་འདུག་ཅེས་ལན་མང་གསུངས་པ་ང་ཚོས་གོ་ཐོས་བྱུང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

XS
SM
MD
LG