ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བལ་ཡུལ་གྱི་ཀོང་རེ་སི་ཚོགས་པར་གློ་བོའི་ཡུལ་གྱི་འོས་ཤོག་ཐོབ། 


༄༅།། བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་གློ་བོའི་ཡུལ་ལ་འཐུས་མི་གཅིག་གི་གདན་གྲངས་དང་མངའ་སྡེའི་གྲོས་ཚོགས་སུ་འཐུས་མི་གཉིས་ཀྱི་གདན་གྲངས་ཡོད་པ་རྣམས་ཀོང་རེ་སི་ཚོགས་པར་ཐོབ། ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་སྐབས་སུ་ཀོང་རེ་སི་ཚོགས་པའི་འོས་མི་ཡོ་གྷེ་ཤ་གྷོ་ཆན་ལ་འོས་ཤོག་༣༩༩༢་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འོས་མི་ཏུ་ལ་ཆན་ལ་འོས་ཤོག་༣༠༧༨་ཐོབ་ནས་རྒྱལ་ཕམ་གྱི་རྟིང་ཐག་ཆོད། ཀོང་རེ་སི་ཚོགས་པའི་འོས་མི་རྣམ་དྷུ་གུ་རོང་ལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་སྐབས་སུ་འོས་ཤོག་༡༠༤༨་ཐོབ་པ་དང་ཁོ་པའི་གཏད་པ་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འོས་མི་བྷི་སི་ཏ་ལ་འོས་ཤོག་༧༩༣་ལས་མ་ཐོབ། དེ་བཞིན་མངའ་སྡེའི་གྲོས་ཚོགས་སུ་གློ་བོའི་ཡུལ་ལ་འཐུས་མི་གཉིས་ཀྱི་གདན་གྲངས་ཡོད་པའི་གཞན་པ་དེ་ཀོང་རེ་སི་ཚོགས་པའི་འོས་མི་བྷི་ཀལ་ཤར་ཆན་ལ་འོས་ཤོག་༢༧༢༣་ཐོབ། དམར་ཤོག་ཚོགས་པའི་འོས་མི་ཅནྡྲ་མོ་ཧན་གྷོ་ཆན་ལ་འོས་ཤོག་༢༥༦༥་ཐོབ། རྫོང་དེར་མི་མང་འོས་ཤོག་འཕེན་མཁན་༡༠༩༥༧་ཡོད་པ་དེ་དག་ཁོངས་ནས་མི་མང་༧༢༥༩་ཡིས་འོས་ཤོག་འཕངས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་བལ་ཡུལ་གྱི་འོས་བསྡུའི་ལས་སྣེ་ཚོས་རི་པོབ་ལི་ཀ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་སྤེལ་བ་ལྟར་ན། གློ་བོའི་རྫོང་གི་མི་མང་བརྒྱ་ཆ་༥༠་ཐམ་པས་འོས་ཤོག་འཕངས་ནས་འོས་བསྡུར་ཞུགས། སྙེ་ཤང་རྫོང་གི་མི་མང་བརྒྱ་ཆ་༥༡་གིས་འོས་ཤོག་འཕངས་ཤིང་། བལ་ཡུལ་གཞུང་གིས་སྙེ་ཤང་གི་མཐའ་མཚམས་གྲོང་གསེབ་ཁག་ཏུ་ཐད་འཕུར་གནམ་གྲུ་བཏང་ནས་འོས་སྒོམ་རྣམས་ལེན་གྱི་ཡོད་པ་དང་འོས་བསྡུའི་ལས་སྣེ་ཚོ་ཉི་མ་གཉིས་ལ་རྐང་ཐང་དུ་བསྐྱོད་ནས་འོས་འདེམས་ཚུགས། བལ་ཡུལ་གྱི་འོས་བསྡུ་ལྷན་ཁང་གི་ལས་སྣེ་ཤར་མ་ཞེས་པ་ཞིག་གིས་ང་ཚོས་ནར་དང་ཕུ་གྲོང་གསེབ་གཉིས་ལ་ཐད་འཕུར་གནམ་གྲུ་གཏོང་རྒྱུའི་གྲོས་སྡུར་བྱས་པ་ཡིན། དེ་རིང་འོས་སྒམ་རྣམས་ལེན་མ་ཐུབ་ན་སང་ཉིན་ལེན་ཐབས་བྱ་འཆར་ཡོད། འོས་བསྡུའི་དུས་ཡུན་ནི་ཕྱི་དྲོའི་ཆུ་ཚོད་༥་པ་བར་དུ་ཡིན་པ་དང་གནམ་གཤིས་ཐང་ཐིབ་ཀྱི་དཀའ་ངལ་འཕྲད་སྲིད། དེ་རིང་འོས་སྒམ་རྣམས་ལེན་ཐུབ་རྒྱུ་ཡིན་མིན་ཡང་ངེས་གཏན་བྲལ། ང་ཚོ་གྲོང་གསེབ་དེ་ཚོར་རྐང་ཐང་དུ་སོང་ནས་འོས་སྒམ་ལེན་ཐུབ་ཐབས་མི་འདུག་ཅེས་བཀྲལ། གློ་བོའི་ཡུལ་གྱི་སམ་ཇུང་གྲོང་རྡལ་ནི་ཧ་ཅང་གི་ཐག་རིང་ཞིག་ཡིན་པ་དང་གྲོང་རྡལ་དེར་རླངས་འཁོར་ཆུང་གྲས་མ་གཏོགས་མི་ཐར། གློ་སྨོན་ཐང་ནས་སམ་ཇུང་བར་དུ་རླངས་འཁོར་བཏང་ནས་ཆུ་ཚོད་གཉིས་བསྐྱོད་དགོས། རྫོང་གསར་གྱི་འོས་སྒམ་རྣམས་རླངས་འཁོར་ནང་དུ་གློ་སྨོན་ཐང་དུ་སྐྱེལ་བར་ཆུ་ཚོད་༥་འགོར། འོས་སྒམ་རྣམས་མཚན་དཀྱིལ་དུ་གློ་སྨོན་ཐང་དུ་འབྱོར་རྒྱུའི་རྩིས་རྒྱག་གི་ཡོད་ཅེས་བཤད་འདུག

ཕྱི་ཟླ་༡༡་པའི་ཚེས་༡༨་ཉིན་བལ་ཡུལ་གྱི་ལཱ་ཏི་ན་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་འོས་བསྡུ་ལྷན་ཁང་གི་ལས་སྣེ་ཚོས་གནམ་གཤིས་གྲང་ངར་ཆེ་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པ། མཐའ་འཁོབ་ཀྱི་ས་མཐོའི་རྫོང་སྡེ་ཁག་ལ་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པར་གདོང་ལེན་བྱ་དགོས་ཀྱི་འདུག འོས་བསྡུ་ལྷན་ཁང་དང་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཁག་ཅིག་གློ་སྨོན་ཐང་རྫོང་གི་ཧི་མ་ལི་སློབ་གྲྭར་བསྐྱོད་ཐབས་བྱས་ཀྱང་ཁ་བ་མཐུག་པོ་བབས་ནས་ལམ་འགགས་ཏེ་བསྐྱོད་མ་ཐུབ། ཧི་མ་ལི་སློབ་གྲྭར་མི་མང་འོས་ཤོག་འཕེན་མཁན་༣༥་ལས་མེད་ཀྱང་བལ་ཡུལ་གཞུང་གིས་གངས་འཕྱག་འཕྲུལ་ཆས་བཏང་ནས་ལམ་བཤངས་ཏེ་ཧི་མ་ལི་འོས་འདེམས་ས་ཁུལ་དུ་འོས་བསྡུ་བྱས་འདུག བལ་ཡུལ་གྱི་ས་ཁྱོན་བརྒྱ་ཆ་༡༥་རྫ་རི་བྲག་རི་དང་མཐོ་སྒང་ཡིན་པར་མ་ཟད། ས་གནས་དེ་དག་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༣༠༠༠་ལྷག་གི་ཡན་ཆད་དུ་ཆགས་ཡོད་པས་འགྲིམ་འགྲུལ་ལ་དཀའ་ངལ་ཤིན་ཏུ་ཆེ། ཏོག་དབྱིབས་ནད་ཡམས་དུས་སུ་བལ་ཡུལ་གཞུང་གིས་ས་གནས་དེ་དག་ལ་སྨན་ཁབ་བགོ་འགྲེམ་བྱེད་པར་བདུན་ཕྲག་མང་པོ་འགོར། ད་ལྟ་དགུན་ཁ་སླེབས་ཀྱི་ཡོད་པས་རྒྱ་ལམ་རྣམས་ཁངས་ཀྱིས་གཡོགས་ནས་བལ་ཡུལ་གཞུང་གིས་གློ་བོའི་ཡུལ་དང་སྙེ་ཤང་། དོལ་པོ་སོགས་ལ་འོས་བསྡུ་བྱ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་འོས་བསྡུ་ལྷན་ཁང་གི་མགྲིན་ཚབ་པ་གཞོན་པ་ཨ་རི་ཡལ་གྱིས་ལཱ་ཊི་ན་གསར་ཁང་ལ་བཤད་པ་ལྟར་ན། དགུན་གྱི་གྲང་ངར་ལ་སྐྲག་ནས་བལ་ཡུལ་གྱི་གྲོང་གསེབ་ཁག་གི་མི་དམངས་རྣམས་འོས་ཤོག་འཕེན་དུ་མི་འགྲོ་བར་ཁྱིམ་དུ་འདུག་རྒྱུ་དང་གྲང་ངར་ཁྲོད་དུ་རྐང་ཐང་ལ་འོས་ཤོག་འཕེན་དུ་བསྐྱོད་རྒྱུ་ཡང་ཁག་པོ་རེད ས་མཐོའི་མི་མང་རྣམས་དགུན་གྱི་དུས་སུ་དམའ་སར་འབབ་ཀྱི་ཡོད་མོད། ད་ལོ་བལ་ཡུལ་གྱི་འོས་བསྡུ་ལྷན་ཁང་གིས་ས་གནས་སྲིད་གཞུང་ཁག་ལ་མི་དམངས་རྣམས་འོས་འདེམས་མ་ཚར་གོང་དུ་དགུན་ས་སོགས་ལ་གནས་སྤོར་བྱེད་མི་ཆོག་པའི་བཀོད་ཁྱབ་གཏོང་དགོས་པའི་མངགས་བཀོད་བྱས་པ་རེད་ཅེས་བཀྲལ། བལ་ཡུལ་གྱི་གསར་འགྱུར་ལས་ཁང་འགའ་ཞིག་གིས་གློ་བོའི་ཡུལ་གྱི་དར་ཆུ་ལ་དང་དོལ་པ། དེ་མིན་གྱི་ས་གནས་ཁག་ཅིག་གི་མི་མང་རྣམས་རོང་སར་བབས་ཟིན་འདུག་ཅེས་གནས་ཚུལ་སྤེལ། དར་ཆུ་ལའི་རྫོང་དཔོན་ཨུ་པ་དྷི་ཡས་བལ་ཡུལ་གྱི་ནུབ་མཐའི་ས་གནས་ཁག་ཏུ་གཞུང་གི་ལས་སྣེ་ཡོད་ཚད་བཏང་ནས་འོས་བསྡུ་བྱས་ཡོད། འོས་འདེམས་ས་ཁུལ་དེ་ཚོར་རྒྱ་ལམ་འཛུགས་སྐྲུན་བྱས་མེད་པ་དང་རྐང་ཐང་དུ་བསྐྱོད་དགོས་པས་ཉི་གསུམ་བཞི་རེ་འགོར་གྱི་འདུག ད་ལོ་སྟབས་ལེགས་པ་ཞིག་ལ་དར་ཆུ་ལར་ཁ་བ་བབས་མེད་པ་དང་འོས་བསྡུའི་ལས་སྣེ་ཚོ་དུས་ཐོག་ཏུ་འབྱོར། ཡིན་ནའང་ང་ཚོས་གནམ་གཤིས་འགྱུར་ལྡོག་སྔོན་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

དར་ཆུ་ལ་རྫོང་གི་རྫོང་དཔོན་ཨུ་པ་དྷི་ཡས་མུ་མཐུད་དུ་བརྗོད་པ་ལྟར་ན། རྫོང་དེའི་ཨ་པི་ཧི་མལ་གྲོང་རྡལ་ལ་མི་གྲངས་༩༠༠༠་ཡས་མས་ཤིག་ཡོད་པ་དང་འོས་བསྡུའི་ལས་སྣེ་ཚོ་ས་གནས་དེར་འབྱོར་ཐུབ་ཡོད་ཀྱང་འོས་འདེམས་བྱ་རྒྱུ་དཀའ་ངལ་ཆེན་པོ་ཞིག་རེད། ང་ཚོས་བལ་ཡུལ་གྱི་འོས་བསྡུ་ལྷན་ཁང་ལ་ཐད་འཕུར་གནམ་གྲུ་བཀོད་སྒྲིག་བྱས་ནས་འོས་སྒམ་རྣམས་ལེན་དགོས་པའི་གྲོས་གཞི་བཏོན་པ་ཡིན། ས་གནས་འདིར་ཉུང་མཐའ་ཡང་འོས་འདེམས་ས་ཁུལ་བཅུ་ཡོད། གལ་སྲིད་ཆར་པ་བབས་ན་འདྲེད་བརྡར་ཤོར་སླ་བའི་རྐང་ལམ་དེ་རྣམས་འགྲོ་སྐྱོད་མི་བདེ་བ་དང་འོས་བསྡུའི་ལས་སྣེ་ཚོར་ཕྱིར་ལོག་བྱེད་པར་བདུན་ཕྲག་རེ་འགོར་གྱི་རེད་ཅེས་སྨྲས། ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པ་དང་དེའི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཁག་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་སྲིད་པའི་རྟགས་མཚན་འདུག ད་ལྟའི་འོས་ཤོག་ཐོབ་སྟངས་ལ་བལྟས་ན་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པར་གྲོས་ཚོགས་ཀྱི་གདན་གྲངས་༧༠་ཐམ་པ་ཐོབ་གྲབས་ཡོད་པ་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པར་གདན་གྲངས་༤༠་ལས་ཐོབ་མི་འདུག བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༢༧༥་ཡི་གདན་གྲངས་ཡོད་པ་དེའི་འཐུས་མི་༡༦༥་ཐོབ་ན་འཐུས་མི་གྲངས་མང་ཡིན་པས་སྲིད་གཞུང་འཛུགས་ཆོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG