ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ལ་དྭགས་པའི་རིག་གཞུང་དང་བཟོ་བཀོད་ལྡན་པའི་སྒྲོལ་མཁར་མགྲོན་ཁང་། 


སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)
སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)

༄༅།། ལ་དྭགས་ཀྱི་རྒྱལ་ས་གླེའི་ཏུག་ཆ་ས་གནས་སུ་རིག་འཛིན་ལཱ་ཅིག་ཟེར་བ་ཞིག་ས་གནས་དེའི་རིག་གཞུང་དང་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྲོལ་མཁར་མགྲོན་ཁང་ཞེས་པ་ཞིག་གསར་དུ་འཛུགས་སྐྲུན་བྱས་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་སི་ཊིར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྐྱེ་བོ་གང་ཞིག་གིས་སོ་སོའི་ངོ་བོ་དེ་འཚོལ་རྒྱུ་ནི་ཤིན་ཏུ་མགོ་རྙོག་ཆེ། ལྷག་པར་དུ་མི་དེ་ཆུང་དུས་ནས་རང་ཡུལ་དང་བྲལ་ཏེ་གྲོང་ཁྱེར་དུ་མའི་ནང་དུ་འཚོ་བར་རོལ་པའི་མི་ཞིག་ཡིན་ན་དེ་བས་ཀྱང་མགོ་རྙོག་ཆེ་མོད། འོན་ཀྱང་དེ་དང་དུས་མཚུངས་སུ་མི་ཞིག་ཅི་ཙམ་རང་ཡུལ་དང་རྒྱང་ཐག་རིང་དུ་ཕྱིན་ན་དེ་ཙམ་གྱིས་རང་གི་ཕ་ཡུལ་དང་རིག་གཞུང་། སྲོལ་རྒྱུན་བཅས་ལ་དུངས་ཞེན་ཇེ་ཆེར་འགྲོ་རྒྱུ་ཆོས་ཉིད་རེད། རིག་འཛིན་ལཱ་ཅིག་ནི་སྒྲོལ་མཁར་མགྲོན་ཁང་གི་བདག་པོ་ཡིན་པ་དང་ཁོ་མོས་མགྲོན་ཁང་ཞིག་འཛུགས་སྐྲུན་བྱས་ནས་རང་གི་ངོ་བོར་སླར་ཡང་ངོ་འཕྲོད། སྒྲོལ་མཁར་མགྲོན་ཁང་གིས་ལ་དྭགས་ལ་ལོ་རྒྱུས་དང་རིག་གཞུང་གཏིང་ཟབ་ཡོད་པའི་ངོ་བོ་དེ་གཟུགས་སུ་གྲུབ་ཡོད་པ་ཞིག་བསྐྲུན་ཐུབ་འདུག་ཅེས་གནས་ཚུལ་སྤེལ་འདུག

སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)
སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)

རིག་འཛིན་ལཱ་ཅིག་གིས་སི་ཊིར་གསར་ཁང་གི་གསར་འགོད་པར་ངའི་ཆུང་དུས་ཀྱི་མི་ཚེའི་དུས་སྐབས་མང་ཆེ་བ་ལ་དྭགས་ཀྱི་ཕྱི་ལོགས་སུ་ཟད་པ་རེད། ཐོག་མར་ངས་རྒྱ་གར་གྱི་ས་གནས་གང་སར་སློབ་སྦྱོང་བྱས་ཡིན། དེ་ནས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་རུ་ལས་ཆེད་སྒྲུབ་ཏུ་བསྐྱོད། དེའི་རྗེས་སུ་ལྡི་ལིར་ཡོང་ནས་ལས་མགོ་བརྩམས། ཡིན་ནའང་ངས་ཇི་ལྟར་བསམས་ཀྱང་མི་ཚེ་འདིར་འདོད་པ་ཚིམས་པ་ཞིག་བྱུང་མ་སོང་། ང་ལོ་ལྟར་དབྱར་དུས་དེར་ལ་དྭགས་སུ་གུང་སེང་དུ་ལོག་ཡོང་བའི་སྐབས་དེར་ངའི་མེས་མོས་རྟག་ཏུ་ཁྱོད་ཀྱིས་སློབ་སྦྱོང་བྱས་ནས་རང་ཡུལ་གྱི་མི་དམངས་ལ་ཕན་ཐོགས་ཀྱི་རེད་དམ་ཞེས་དྲིས་མྱོང་། ངའི་མེས་མོ་གློ་བུར་དུ་གྲོངས་པའི་རྗེས་སུ་དྲི་བ་དེ་ངའི་སེམས་སུ་བསྐྱར་དུ་དྲན་བྱུང་། ངས་དྲི་བ་དེར་བསམ་ཞིབ་བྱས་ནས་རང་གི་མི་ཚེའི་དོན་སྙིང་དེ་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་དེ་ཡིན་པ་ངོས་ཟིན་སོང་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)
སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)

སྒྲོལ་མཁར་མགྲོན་ཁང་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་སྣ་མང་ལྡན་པ་དང་རིག་འཛིན་ལཱ་ཅིག་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསར་གཏོད་ཅིག་ཡིན་ཞིང་། ཁོ་མོས་ངའི་མེས་མོ་ནི་ཁོང་གི་མི་རབས་དེ་དང་འདྲ་བར་སིལ་ར་བདག་སྐྱོང་དང་ཕྱུགས་ཟོག་འཚོ་སྐྱོང་། དཔྱིད་དང་དབྱར་གྱི་དུས་ཡུན་ཐུང་ངུའི་རིང་དེར་ཞིང་ལས་གཉེར། ཁོང་གིས་རང་ཉིད་སྐྱེ་ཁམས་ཀྱི་གྲུབ་ཆ་ཞིག་ཡིན་པའི་འདུ་ཤེས་བཅངས་ཏེ་རང་བྱུང་ཁམས་ལ་འབྲེལ་བ་དམ་ཟབ་བཟུང་ནས་འཚོ་བ་སྙོམས་པོ་ཞིག་བསྐྱལ་བ་རེད། ངས་སྒྲོལ་མཁར་མགྲོན་ཁང་སྒོ་འབྱེད་དགོས་པའི་ཕུགས་རྩ་དེ་མེས་མོར་ཐུག་ཡོད་པ་དང་སྒྲོལ་མཁར་ཞེས་མེས་མོའི་མིང་བཏགས་པ་ཡིན། ང་ཚོས་ཕྱོགས་གཅིག་ནས་བལྟས་ན་ས་ཆ་དེ་མེས་མོའི་མངོན་འདོད་ལྟར་བདག་སྐྱོང་བྱེད་ཀྱི་ཡོད་ཅེས་བཀྲལ། ལ་དྭགས་པའི་མིག་ལམ་དུ་སྒྲོལ་མཁར་མགྲོན་ཁང་གི་སྐྱ་མདོག་དེས་ལ་དྭགས་ཡུལ་གྱི་རི་བོ་དང་སྔ་མེར་གྱི་ཆུ་བོ་སོགས་རི་ཀླུང་རྣམས་མཚོན་གྱི་ཡོད་པ་མཐོང་ཐུབ། ལ་དྭགས་ལ་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་འགྲོ་བཞིན་པ་དང་མཉམ་དུ་མགྲོན་སྐྱོང་གི་ཚོང་ལས་ཀྱང་དར་འཕེལ་བྱུང་།།

སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)
སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)

རིག་འཛིན་ལཱ་ཅིག་གིས་ལ་དྭགས་སུ་དེང་རབས་ཀྱི་འགྱུར་ལྡོག་འགྲོ་བཞིན་པ་དེར་བསྟུན་རྒྱུའི་ཚབ་ཏུ་ལ་དྭགས་པའི་རིག་གཞུང་དང་སྲོལ་རྒྱུན་གྱི་སྙིང་བཅུད་མི་བརླག་པའི་ཆེད་དུ་སྒྲོལ་མཁར་མགྲོན་ཁང་བཙུགས། ཁོ་མོས་ང་ཐོག་མར་ལ་དྭགས་སུ་ཕྱིར་ལོག་བྱས་པའི་སྐབས་དེར་ཡུལ་སྐོར་སྤྲོ་འཆམ་གྱི་ཁེ་ལས་དེ་ཁ་ཕྱོགས་བཟང་པོ་ཞིག་ལ་བསྒྱུར་ཐུབ་ན་ཚོང་ལས་ཀྱི་ཁེ་ཕན་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་ལ་དྭགས་ས་གནས་སུ་ཆུའི་དཀའ་ངལ་ཇེ་ཆེ་དང་གད་སྙིགས་ཇེ་མང་། བཙོག་ཆུ་འགྲོ་ས་ཡག་པོ་མེད་པའི་དཀའ་ངལ་ཡོད་པ་ངོས་ཟིན་སོང་། ང་ཚོའི་དཀའ་ངལ་གཙོ་བོ་དེ་ཡུལ་སྐོར་སྤྲོ་འཆམ་པ་མང་དྲགས་པས་མ་རེད། སྐྱེ་ཁམས་ལ་གནོད་སྐྱོན་མེད་པར་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བསུ་ལེན་བྱེད་པའི་ལམ་ལུགས་ཤིག་འཛུགས་མ་ཐུབ་པ་དེ་རེད། ལ་དྭགས་ལ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་ཕྱིན་ནས་ས་གནས་ཀྱི་དཔལ་འབྱོར་ལ་ཕན་ཐོགས་བྱུང་ཡོད་པ་མཐོང་གསལ་རེད། ཡིན་ནའང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཚུལ་བཞིན་གཉེར་མ་ཐུབ་ན་ཡུལ་ལུང་ཧྲིལ་པོ་དང་ས་གནས་ཀྱི་མི་དམངས་གཉིས་ཀར་ཉེན་ཁ་ཆེན་པོ་ཞིག་འཕྲད་ཤས་ཆེ། ངས་སྒྲོལ་མཁར་མགྲོན་ཁང་གིས་ལ་དྭགས་དང་དེའི་མི་དམངས། སའི་གོ་ལར་བརྩེ་ཞེན་གྱི་འདུ་ཤེས་འཛིན་རྒྱུ་གཙིགས་སུ་བཟུང་ནས་ཕྱེ་པ་ཡིན་ཞེས་བཤད་འདུག

སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)
སྒྲོལ་མཁར་མགྲོན་ཁང་། (Photo Courtesy of The Dolkhar Resort)

ད་ལོའི་ཕྱི་ཟླ་༦་པའི་ཚེས་༩་ཉིན་གསར་འགོད་པས་རིག་འཛིན་ལཱ་ཅིག་ལ་བཅར་འདྲི་ཞུས་པ་ལྟར་ན། ཁོ་མོས་སྲོལ་རྒྱུན་དང་དེང་རབས། ས་གཞི་ལ་བརྟེན་ནས་རང་གི་ངོ་བོ་དར་སྤེལ་གཏོང་རྒྱུ་དེ་གནད་འགག་ཆེན་པོ་ཡིན། ང་ཚོས་སྒྲོལ་མཁར་མགྲོན་ཁང་སོགས་བརྒྱུད་ནས་མི་ཚོར་ལ་དྭགས་ཀྱི་རི་སྐྱེས་མེ་ཏོག་དང་རི་ཀླུང་། ལ་དྭགས་ཀྱི་རང་བྱུང་མཛེས་སྡུག་རྣམས་ཉམས་སུ་མྱོང་དུ་ཐུབ་པར་མ་ཟད། ལ་དྭགས་ཡུལ་དང་ལ་དྭགས་ཀྱི་མཛེས་སྡུག་ལྡན་པའི་བཟོ་བཀོད། འཁེལ་འཐག་དང་བཟོ་རྩལ། རྫ་བཟོ་དང་ས་གནས་ཀྱི་ཐོན་སྐྱེད། ལ་དྭགས་མི་དམངས་བཅས་ལ་ཡི་རང་ཞུ་བའི་བག་ཆགས་ཤིག་འཇོག་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་འགྲེལ་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག དྲྭ་ལམ་དུ་ཐོན་པའི་སྒྲོལ་མཁར་མགྲོན་ཁང་གི་འདྲ་པར་ཁག་ལ་བལྟས་ཚེ། མགྲོན་ཁང་དེའི་ཁང་པ་རྣམས་ཉིས་ཐོག་ཅན་དང་ཆེ་ཆུང་གཅིག་པ། སྒེའུ་ཁུང་ཆེན་པོ་དང་དཀར་ཆ་ཡོད་པ། བོད་པའི་བཟོ་བཀོད་ཀྱི་རྣམ་པ་ཅན་དང་ར་དཀྱིལ་དུ་ཤིང་སྡོང་བཙུགས། སྒོ་ལམ་རྣམས་ཆེ་ཆུང་གཅིག་པ་དང་གཙང་མ། ཕྱིའི་བརྩིགས་གྱང་ངོས་སུ་ས་མདོག་སྐྱ་བོ་བྱུགས་ནས་ཧ་ཅང་གི་ཡིད་དུ་འོང་བ་དང་ཞི་བདེ་བག་ཕེབས་ཀྱི་སྣང་བ་འགོག་མེད་དུ་སྟེར་བའི་མགྲོན་ཁང་ཞིག་རེད་འདུག

XS
SM
MD
LG