ངོ་འཕྲད་བདེ་བའི་དྲ་འབྲེལ།

༡༩༩༢་ལོའི་གྲོས་མཐུན་དང་ཐེ་ཝན་གྱི་མངོན་འདོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ན་ཐེ་ཝན་མི་དམངས་ལ་ཁེ་ཕན་ཆེན་པོ་ཡོད། ད་ལྟའི་ཐེ་ཝན་གྱི་དངོས་ཡོད་གནས་སྟངས་ལའང་འཚམས་པོ་འདུག་ཅེས་གཏམ་བཤད་བྱས་ཡོད་ཅིང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་གཏན་ནས་ངོས་ལེན་མེད། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དགག་པ་བརྒྱབ་འདུག

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱིས་༡༩༩༢་ལོར་མིང་རྟགས་བཀོད་པའི་གྲོས་མཐུན་གཞི་རྩར་འཛིན་དགོས། རྒྱ་ནག་དང་ཐེ་ཝན་གཉིས་ཀས་༡༩༩༢་ལོའི་གྲོས་མཐུན་གྱི་འབྲུ་དོན་ཁག་རྒྱུན་འཁྱོངས་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ནས་ཐུན་མོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེའི་རྨང་གཞིའི་སྟེང་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཛུགས་དགོས། ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུག་ལག་བསྟར་ཆོག་ཅེས་ནན་བརྗོད་བྱས་ཀྱང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཕྱི་ཟླ་དང་པོའི་ཚེས་༢་ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཐེ་ཝན་གྱིས་༡༩༩༢་ལོའི་གྲོས་མཐུན་དེར་གཏན་ནས་ངོས་ལེན་བྱས་མྱོང་མེད། རྒྱ་ནག་གཞུང་གིས་གྲོས་མཐུན་དེའི་ནང་དུ་ཐེ་ཝན་མཚོ་གླིང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་དང་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་འཆར་ཡོད་ཟེར་པར་ངོས་ལེན་བྱ་ཐབས་མེད་ཅེས་བཤད་འདུག

ད་ལྟ་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་༡༩༩༢་ལོའི་གྲོས་མཐུན་ལ་ངོས་འཛིན་བྱེད་སྟངས་འདྲ་ཡི་མེད་ཅིང་། ཐེ་ཝན་མི་དམངས་ཀྱིས་གྲོས་མཐུན་དེར་ངོས་འཛིན་བྱེད་སྟངས་སྣ་ཚོགས་ཤིག་ཡོད་པ་སྟེ། སྤྱི་ཟླ་དང་པོའི་ཚེས་༣་ཉིན་ཐེ་ཝན་གྱི་མཚོ་འགག་ཕྱོགས་གཉིས་སྲིད་ཇུས་ཉམས་ཞིབ་ཁང་གིས་ཐེ་ཝན་མི་དམངས་ལ་བསམ་འདྲི་ཞིབ་བྱས་པའི་མཇུག་འབྲས་ལྟར་ན་ཐེ་ཝན་གྱི་སྤྱི་དམངས་བརྒྱ་ཆ་༨༠་ཡས་མས་ཤིག་གིས་༡༩༩༢་ལོའི་གྲོས་མཐུན་ནང་དུ་རྒྱ་ནག་གཅིག་ཅེས་འཁོད་ཡོད་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་བ་ལེན་མེད་པ་དང་། ཁོ་ཚོའི་མངོན་འདོད་ལ་དབྱེ་ཞིབ་བྱས་ན་ཐེ་ཝན་གྱི་སྤྱི་དམངས་བརྒྱ་ཆ་༥༤་ཙམ་གྱིས་གྲོས་མཐུན་དེའི་ནང་གི་རྒྱ་ནག་གཅིག་ཟེར་པ་ནི་ཀྲུང་ཧྭ་མིན་ཀོའམ། རྒྱ་ནག་མི་སེར་རྒྱལ་ཁབ་ལ་ངོས་འཛིན་བྱེད་བཞིན་ཡོད་པར་མ་ཟད། སྤྱི་དམངས་བརྒྱ་ཆ་༦༠་ཙམ་གྱིས་ཐེ་ཝན་གཞུང་གིས་གྲོས་མཐུན་དེར་རྩ་འཛིན་བྱ་དགོས་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་མི་མང་བརྒྱ་ཆ་༢༨་ཀྱིས་གྲོས་མཐུན་དེར་རྩ་འཛིན་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་བསམ་ཚུལ་བཤད་འདུག སྤྱིའི་ཆ་ནས་ཐེ་ཝན་གྱི་སྤྱི་དམངས་བརྒྱ་ཆ་༦༠་ཐམ་པས་༡༩༩༢་ལོའི་གྲོས་མཐུན་འདིར་ངོས་ལེན་བྱེད་མིན་ནི་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་མིན་གྱི་གནད་འགག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐེ་ཝན་དགེ་ཐོན་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ཧྥན་ཧྲི་ཕིན་གྱིས་མི་དམངས་ཀྱི་བསམ་ཚུལ་ལྟར་ན་ཐེ་ཝན་པ་མང་ཆེ་བས་༡༩༩༢་ལོའི་གྲོས་མཐུན་ལ་ངོ་རྒོལ་བྱེད་ཀྱི་མེད་ཀྱང་གྲོས་མཐུན་དེར་རྒྱ་ནག་གཅིག་ཅེས་འཁོད་ཡོད་པ་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་ངོས་འཛིན་བྱེད་ཀྱི་འདུག ཞིས་ཅིན་ཕིང་གིས་༡༩༩༢་ལོའི་གྲོས་མཐུན་ལ་འཁོད་པའི་འབྲུ་དོན་ཁག་སྔར་ལས་ཁྱབ་རྒྱ་ཆུང་དུ་བཏང་ནས་རྒྱ་ནག་གཅིག་ཟེར་པ་ནི་མཐའ་གཅིག་ཏུ་པེ་ཅིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ངོས་འཛིན་བྱེད་ཀྱིན་འདུག ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་ཐེ་ཝན་ཡང་ཧོང་ཀོང་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་འདི་རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་ལ་མཐའ་གཅིག་ཏུ་རྒྱབ་འགལ་བྱས་པ་རེད་ཅེས་བརྗོད་འདུག ༡༩༩༢་ལོའི་གྲོས་མཐུན་འདི་རྒྱ་ནག་དང་ཐེ་ཝན་གྱི་གནད་དོན་ཐག་གཅོད་བྱ་ཐབས་ཀྱི་གཞི་རྩ་འཛིན་ས་ཞིག་ཏུ་གྱུར་ཡོད་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་གཞུང་དམངས་ལ་ངོས་འཛིན་བྱེད་སྟངས་མ་འདྲ་བ་དང་། ཐ་ན་རྒྱབ་འགལ་དུ་གྱུར་ཡོད་པ་རེད།།

༡༩༩༢་ལོར་ཐེ་ཝན་གྱི་སྐུ་ཚབ་གུ་ཁྲེང་ཧྥུ་དང་རྒྱ་ནག་གི་སྐུ་ཚབ་ཝང་ཏོ་ཧན་གཉིས་ཐུག་འཕྲད་ཀྱིས་མཚོ་འགག་ཕྱོགས་གཉིས་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་རྒྱུ་དང་། རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་རྒྱུ། རྒྱ་ནག་གཅིག་ཟེར་པ་དེར་པེ་ཅིང་དང་ཐེ་པེ་གཉིས་ཀར་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་ཆོག་ཅེས་བཀོད། དེར་བརྟེན་ཐེ་ཝན་གྱིས་རྒྱ་ནག་གཅིག་ཟེར་པ་ནི་ཀྲུང་ཧྭ་མིན་ཀོ་ལ་གོ་དགོས་ཟེར་གྱི་ཡོད་ཀྱང་པེ་ཅིང་གིས་རྒྱ་ནག་གཅིག་ཟེར་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་དགོས་ཟེར་གྱི་ཡོད་མོད། འོན་ཀྱང་༡༩༩༢་ལོའི་གྲོས་མཐུན་རྗེས་སུ་ཐེ་ཝན་གྱི་སྐབས་དེའི་སྲིད་འཛིན་ལི་ཏིའུ་ཧུས་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ནི་མཚོ་འགག་རེ་ན་རང་བཙན་རྒྱལ་ཁབ་རེ་ཡིན་ཞེས་མཚན་ཉིད་གསར་པ་ཞིག་བཞག དེའི་རྗེས་སུ་སྲིད་འཛིན་ཁྲེན་ཧྲུའི་པེན་གྱིས་ཐེ་ཝན་ནི་ཁྱབ་བསྒྲགས་བྱེད་མི་དགོས་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་བསྒྲགས། ད་ལྟའི་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་རྒྱ་ནག་གཅིག་གི་རྩ་དོན་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཐེ་ཝན་ལ་ཚད་མཐོའི་རང་གི་ཐོབ་ཐང་སྤྲད་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་མོས་མཐུན་བྱེད་ཀྱི་མེད་པ་དང་། ཐེ་ཝན་མཚོ་གླིང་གི་མི་འབོར་ཧ་ཅང་མང་པོ་ཞིག་ལ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་འཛུལ་འདོད་མེད་པ་རེད།།

XS
SM
MD
LG