ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་པ། ༢༠༡༠་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་ནས་དུས་ཡུན་བདུན་ཕྲག་གཅིག་ལས་སོང་མེད་མོད། འོན་ཀྱང་རྒྱ་ནག་གི་རང་དབང་དང་དམངས་གཙོའི་འཐབ་རྩོད་ལ་ཕམ་ཉེས་ཆེན་པོ་ཞིག་བྱུང་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་ཅིང་། དཔེར་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཡན་ཝེན་ཞིན་ཞེས་པ་ཞིག་གིས་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པ་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན། རྒྱ་ནག་གི་ལས་འགུལ་བ་ཚོ་འུ་ཐུག་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བའི་ཚད་གཞི་ཡང་རྩེར་སོན་ཡོད་ཅེས་བཤད་འདུག རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་རྩོམ་པ་པོ་ཀྲའོ་ཧུའི་ཞེས་པ་ཞིག་གིས་བརྗོད་དོན། ང་ཚོས་ད་ལྟ་འཚོ་ཞིང་གཞེས་པའི་དམངས་གཙོ་དོན་གཉེར་པ་ཚོས་ལིའུ་ཞའོ་པོ་དམ་པོ་དེ་ཉིད་ཀྱིས་སྤར་པའི་སྒྲོན་མེ་ཟུམ་དུ་མི་འཇུག་པའི་རེ་བ་འཆང་ཡོད། ཡིན་ནའང་རྒྱ་ནག་ལ་ཕྱོགས་ཡོངས་ནས་འགྱུར་བ་ཞིག་གཏོང་རྒྱུ་བསྒྲུབ་དཀའ་ཞེས་བཤད། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་གྲགས་ཅན་ཧུ་ཅ་ཡིས་རྒྱ་ནག་ལ་ཞི་བའི་སྒོ་ནས་སྒྱུར་བཅོས་གཏོང་རྒྱུའི་སྒོ་མོ་ཡོངས་སུ་བརྒྱབ་པ་རེད་ཅེས་རེ་ཐག་ཆད་པའི་རྣམ་འགྱུར་བསྟན། ཉམས་ཞིབ་པ་ཁག་ཅིག་གིས་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པ་ནི་༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་སྤེལ་པའང་ཕམ་ཉེས་ཆེན་པོ་ཞིག་ཡིན་ཞེས་གླེང་། དེང་སྐབས་ཨ་མི་རི་ཀར་བཙན་བྱོལ་དུ་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཡ་ཤུའེ་ཚའོ་ཞེས་པ་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་དམངས་གཙོ་དོན་གཉེར་པ་རྣམས་རྩ་མེད་གཏོང་གི་ཡོད། ལིའུ་ཞའོ་པོ་ལ་སྨན་བཅོས་བྱེད་དུ་མ་བཅུག་པར་འདས་གྲོགས་སུ་གྱུར་པ་ཆེས་ཚབས་ཆེན་གྱི་ནག་ཉེས་སུ་བརྩི་ཆོག རྒྱ་ནག་དམར་ཤོག་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་དམངས་གཙོའི་མདུན་སྐྱོད་འགོག་ཐབས་བྱེད་ཀྱི་ཡོད། གུང་ཁྲན་ཏང་ལ་མཚོན་ན་དམངས་གཙོ་དོན་གཉེར་པ་བརྒྱ་ཕྲག་འགའ་ཞིག་དང་སྟོང་ཕྲག་འགའ་ཞིག་ཅི་ཡང་མིན་ཞེས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཉམས་ཞིབ་པ་ཕལ་ཆེ་བས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་གཏོང་དགོས་ཞེས་གནོན་ཤུགས་སྤྲད་མ་སོང་། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོས་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་སྐུལ་ལྕག་བཏང་ཡོད། ཡིན་ནའང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཡོངས་གྲགས་སུ་ལིའུ་ཞའོ་པོ་སྨན་བཅོས་བྱེད་དུ་གཏོང་དགོས་ཞེས་གླེང་མེད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་པ་དང་ངོ་སྲུང་གི་སྲིད་ཇུས་ཤིག་བཟུང་འདུག་ཅེས་སྐྱོན་བཙུགས། ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གིས་རང་ཡུལ་གྱི་གཞི་རིམ་གྲོང་གསེབ་ཁག་ཏུ་དམངས་གཙོའི་ལས་འགུལ་སྤེལ་གྱི་ཡོད་པ་དང་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་དམངས་གཙོའི་ལས་འགུལ་སྤེལ་གྱི་ཡོད་པར་དྲག་གནོན་བྱས་ཏེ། རྒྱ་ནག་གི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་ཁ་གཏད་ཅིག་ལ་ནམ་ཡང་རྩ་བ་ཚུགས་ཐུབ་པའི་གོ་སྐབས་སྤྲོད་ཀྱི་མེད་ཅིང་། འདས་པའི་ལོ་གཉིས་ཀྱི་རིང་ལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་༤༠༠་ཙམ་འཛིན་བཟུང་དང་བཙོན་འཇུག ཁོ་ཚོར་རྒྱ་ནག་དགྲ་ཟླར་འཛིན་པའི་སྟོབས་ཤུགས་ལ་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློང་ཐབས་བྱས་པའི་ནག་ཉེས་ཕོག ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་ལས་འགུལ་ཆུང་ཆུང་ཞིག་ཀྱང་སྤེལ་མི་ཆོག ཡིན་ནའང་རྒྱ་ནག་གི་ཤེས་ཡོན་ཅན་ཁག་ཅིག་སྙིང་སྟོབས་ཞུམ་གྱི་མེད་པ་སྟེ། པེ་ཅིང་གི་རྩོམ་པ་པོ་གྲགས་ཅན་ཝུ་ཆང་པེ་ཅིང་ནས་ལེ་དབར་༤༠༠་མཚམས་སུ་ཡོད་པའི་ཧྲེན་དབྱང་གྲོང་ཁྱེར་དུ་སོང་སྟེ། ཁོ་པ་ལིའུ་ཞའོ་པོ་མི་ཚེ་མཐའ་རུ་སླེབས་པའི་དུས་སུ་སྨན་ཁང་གི་ཐག་ཉེར་བཅར་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན། ལོ་ན་༤༦་ལ་སོན་པའི་རྩོམ་པ་པོ་ཝུ་ཆང་གིས་ལིའུ་ཞའོ་པོ་འདས་གྲོགས་སུ་གྱུར་པར་དམ་པ་དེ་ཉིད་ཀྱི་རྗེས་འཇུག་པ་མང་དག་ཅིག་སྙིང་སྟོབས་ཞུམ་ཡོད། ཡིན་ནའང་ང་ཚོས་རང་གི་སེམས་སྡུག་རྣམས་སྟོབས་ཤུགས་ལ་བསྒྱུར་དགོས། ཕྱོགས་གཅིག་ལ་མུན་པ་འཐིབས་ཀྱང་ཕྱོགས་གཞན་དེར་རེ་བ་ཡོད། ང་ཚོས་ཐབས་ལམ་གཞན་པ་ཞིག་བཙལ་ནས་ལིའུ་ཞའོ་པོའི་མཛད་རྗེས་རྣམས་མཐའ་འཁྱོངས་བྱ་དགོས་ཞེས་བཤད་འདུག ༡༩༨༩་ལོར་ལིའུ་ཞའོ་པོ་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས། ༢༠༠༨་ལོར་ལིའུ་ཞའོ་པོ་གཙོས་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་༢༠༠༨་ཀྱི་རྩ་ཚིག་ཅེས་བཅའ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ། ཁོ་ཚོས་རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་དགོས། རྒྱ་ནག་གི་འགོ་ཁྲིད་ཚོ་དམངས་གཙོའི་ལམ་ནས་འོས་འདེམས་བྱ་དགོས། གུང་ཁྲན་ཏང་གིས་སྲིད་དབང་སྒེར་འཛིན་བྱེད་པའི་གཞུང་འཛིན་ལམ་ལུགས་མཇུག་བསྒྲིལ་དགོས། རྒྱ་ནག་མི་དམངས་ལ་གཏམ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། གསར་འགོད་རང་དབང་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་སྤྲོད་དགོས་ཞེས་བཀོད། ༢༠༠༩་ལོར་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློབ་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད། ལོ་ན་༦༡་ལ་སོན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཞའོ་པོ་ལ་བཙོན་ཁང་དུ་མཆིན་པའི་སྐྲན་ནད་ཕོག རྒྱ་གཞུང་གི་སྨན་པ་ཚོས་ལིའུ་ཞའོ་པོའི་མཆིན་པའི་སྐྲན་ནད་བཅོས་ཐབས་མེད་པའི་མཚམས་སུ་མ་ལྷུང་བར་དུ་ཕྱིར་བསྒྲགས་བྱས་མེད། ༡༩༣༨་ལོར་འཇར་མན་ན་ཛིའི་གཞུང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་བཙོན་ཁང་དུ་འཆི་རུ་བཅུག་ནས་བཟུང་། ལིའུ་ཞའོ་པོ་རྒྱ་ནག་གི་བཙོན་འོག་ཏུ་འདས་གྲོགས་སུ་གྱུར་པ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་བཙོན་འོག་ཏུ་འདས་གྲོངས་སུ་གྱུར་པ་ཐེངས་དང་པོ་ཡིན་ཞིང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཞའོ་པོ་ལ་དུས་མིན་འཆི་བ་བྱུང་བའི་ལན་ཁག་རྒྱ་ནག་གཞུང་ལ་ཡོད་ཅེས་ནག་ཉེས་བཙུགས་སོ།།

XS
SM
MD
LG