ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཡུན་ཅི་ཙམ་གནས་ཐུབ་བམ།


ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདི་མུ་མཐུད་དུ་ལོ་ག་ཚོད་ལ་གནས་ཐུབ་བམ་ཞེས་དྲིས་པའི་བརྗོད་གཞི་ནི་ད་ལྟ་ཨ་རིར་གནས་བཞུགས་རྒྱ་ནག་གི་ཆབ་སྲིད་རིག་པའི་མཁས་པ་ཕེ་མིན་ཞིན་གྱིས་རང་ལ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སོགས་ཀྱི་ཐད་དུ་བཏོན་པའི་དྲི་བར་ལན་འདེབས་བྱས་པའི་ནང་དོན་གཙོ་བོ་ཁག་ཅིག་ཕྱོགས་བསྒྲིགས་བྱས་ཡོད།

ཕེ་མིན་ཞིན་ནི་ཨ་རིའི་སྤྱི་དམངས་ཡིན་པའི་རྒྱ་མི་ཞིག་ཡིན་ཞིང་། ཁོང་ཨ་རིའི་ཧ་ཝྭར་ཊི་སློབ་ཆེན་དུ་ཆབ་སྲིད་རིག་པའི་འབུམ་རམས་པའི་སློབ་སྦྱོང་མཐར་ཕྱིན་ཏེ། ད་ལྟ་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེའི་ཁི་ལར་མོན་ཊི་མི་ཁི་ན་སློབ་གླིང་དུ་དགེི་རྒན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད་ཅིང་ ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དེ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། གཞན་ཡང་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དམངས་གཙོའི་ལམ་ཕྱོགས་བཅས་ཀྱི་སྐོར་ཡིན་པ་དང་། ཕེ་མིན་ཞིན་༡༩༨༩་ལོའི་རྒྱ་ནག་གི་སློབ་མའི་དམངས་གཙོའི་ལས་འགུལ་གྱི་སྐབས་སུ་ཨ་རིར་སློབ་སྦྱོང་ལ་ཕེབས། ཁོང་ནི་སྐབས་དེར་རྒྱ་ནག་གི་སློབ་མ་ཞིག་གི་མིང་ཐོག་ནས་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་ཚོགས་འདུར་གཏམ་བཤད་གནང་མཁན་གྱི་རྒྱ་ནག་གི་སློབ་མ་ཐོག་མ་དེ་ཡིན།

གསར་འགོད་པར་འབོད་པའི་གནས་ཚུལ་འགོད་མཁན་གྱི་ཚོགས་པ་ཞིག་གིས་ཁོང་ལ་དྲི་བ་མང་པོ་བཏོན་ཡོད་པའི་ནང་གི་གཅིག་ནི་ཁྱེད་ཀྱིས་འདི་ལྟར་ཚོར་བ་སྐྱེན་པའི་རྒྱ་ནག་གི་ཆབ་སྲིད་གནད་དོན་ལ་ཉམས་ཞིབ་གནང་ཚེ་ཉམས་ཞིབ་པ་ཞིག་གི་ངོས་ནས་ཁྱོད་ལ་གནོན་ཤུགས་འདྲ་འདུག་གམ་ཅེས་འདྲིས། ཁོང་གིས་གནོན་ཤུགས་ལོས་ཡོད། ག་དུས་ཡིན་ཡང་སྐད་ཆ་བཤད་དུས་སེམས་ཆུང་བྱེད་དགོས་ཀྱི་འདུག། ང་ཚོ་ལྟ་བུ་རྒྱ་ནག་ནས་ཡོང་བའི་ཉམས་ཞིབ་པ་ཞིག་ལ་མཚོན་ན་ཕྱིར་རྒྱ་ནག་ལ་གཉེན་འཕྲད་དང་ལས་ཀ་སོགས་ཀྱི་ཆེད་དུ་འགྲོ་དགོས་པས་གལ་ཏེ་མི་སུ་ཞིག་གིས་རྒྱ་ནག་གི་ལངས་ཕྱོགས་དང་ཚད་ལས་བརྒལ་བའི་སྐད་ཆ་བཤད་ན་རྒྱ་ནག་ལ་འགྲོ་སྐབས་ལམ་ཡིག་མི་སྟེར་པ་ནི་ངས་བལྟས་ན་སེམས་ཁྲལ་ཆེ་ཤོས་དེ་རེད་ཅེས་ལན་བཏབ། ཡང་ཁོང་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་སྲིད་དམ། ག་དུས་ཞིག་ལ་འཐོར་ཞིག་ཏུ་འགྲོ་ངེས་སམ་ཞེས་པའི་དྲི་བ་འདི་རྒྱ་ནག་གི་ཉམས་ཞིབ་པ་མང་པོ་ཞིག་གི་གླེང་གཞི་གཙོ་བོ་ཡིན་ལ། དེ་བཞིན་༡༩༨༩་ལོའི་རྗེས་སུ་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་ཅིང་། ད་ལྟ་ཡིན་ནའང་མུ་མཐུད་ནས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་ཚོད་དཔག་བྱེད་བཞིན་འདུག་མོད། ཡིན་ནའང་ད་ལྟའི་བར་དུ་དོན་དངོས་ཐོག་ཏུ་གནས་ཚུལ་ཅི་ཡང་འབྱུང་གི་མེད་པའི་ཐད་ལ་དྲི་བ་བཏོན་ཡོད་པར་ཁོང་གིས་བརྗོད་དོན། སྤྱིར་གནས་ཚུལ་འདིའི་རིགས་ནི་ཚོད་དཔག་བྱ་ཐབས་མེད་པ་དང་། རྒྱ་ནག་ལྟ་བུའི་སྒེར་གཅོད་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་གཞི་དུས་ནམ་ཞིག་མཇུག་རྫོགས་རྒྱུ་ཡིན་མིན་ཚོད་དཔག་བྱ་མི་ཐུབ། ཡིན་ནའང་མུ་མཐུད་ནས་རྒྱུན་གནས་ཡོང་ཐབས་མེད་པ་ཡང་མངོན་གསལ་རེད་ཅེས་བཤད།

རྒྱ་ནག་གི་སྒེར་གཅོད་ཆབ་སྲིད་ཀྱི་སྒྲིག་གཞི་འདི་འཐོར་ཞིག་ཏུ་འགྲོ་སྲིད་པའི་རྒྱུ་མཚན་ཡང་ཁོང་གིས་གཅིག་ནས་ལོ་རྒྱུས་ཀྱི་དཔེ་མཚོན་ཞིག་དྲངས་ནས་བརྗོད་ཡོད་པ་སྟེ། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་པའི་ནང་དུ་འཛམ་གླིང་གི་དམར་ཕྱོགས་ཚོགས་པའི་རྒྱལ་ཁབ་ཆེ་ཤོས་ཨུ་རུ་སུ་འཐོར་ཞིག་ཏུ་སོང་ཡོད་པ་བཞིན་ད་ལྟའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱང་སྔོན་མའི་ཨུ་རུ་སུའི་གནས་སྟངས་དང་ཤིན་ཏུ་མཚུངས་བ་མ་ཟད། ༩༨་ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱིས་ཀྱང་ཆབ་སྲིད་ཀྱི་སྒྲིག་གཞི་འདིར་བརྡབ་གསིག་ཆེན་པོ་ཐེབས་ཡོད་པས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་སྒྲིག་གཞི་འདི་འཐོར་ཞིག་འགྲོ་རྒྱུར་རྒྱུ་རྐྱེན་མེད་པ་ཞིག་མ་ཡིན་པར་ག་དུས་ཡིན་རུང་འཐོར་ཞིག་ཏུ་འགྲོ་སྲིད་པ་ཞིག་དང་། གཉིས་ནས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་རྗེས་ནས་འཛམ་གླིང་ཡོངས་སུ་དམངས་གཙོ་ལ་ཁ་ཕྱོགས་པའི་ལས་འགུལ་འདྲ་མིན་བྱུང་བས་སྒེར་གཅོད་ཀྱི་སྲིད་གཞུང་མང་པོ་ཞིག་རྣམ་པ་འདྲ་མིན་གྱི་སྒོ་ནས་ཐོར་ཞིག་ཏུ་ཕྱིན་ཡོད་པས་མི་མང་པོ་ཞིག་གིས་སྒེར་གཅོད་རིགས་ཀྱི་སྲིད་གཞུང་འདི་དག་ཡུན་རིང་ཞིག་ལ་གནས་མི་ཐུབ་པར་ངོས་འཛིན་བཞིན་པ་མ་ཟད། མི་རྣམས་ཀྱིས་ད་ལྟའི་ནུབ་ཕྱོགས་ཀྱི་དམངས་གཙོའི་གཞུང་ལུགས་ཀྱི་ངོས་ནས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་སྒྲིག་གཞིར་བལྟས་པ་ཡིན་ན་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདིར་ལུགས་མཐུན་མིན་པའི་གནས་སྟངས་མང་པོ་ཡོད་ཅིང་། འགྲོ་བ་མི་སྤྱིའི་འགྲོ་ལུགས་དང་མི་མཐུན་པའི་བྱ་དངོས་ཀྱི་རིགས་མུ་མཐུད་དུ་གནས་མི་སྲིད་པ་ཞིག་རེད་ཅེ་དང་། ཡང་ཁོང་གིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་མཐོན་པོར་འཕེལ་བའི་དུས་སྐབས་དེ་ཡོལ་ཟིན། ད་ལྟ་ཡིན་ན་ད་ལྟའི་བར་དུ་ཡར་རྒྱས་ཕྱིན་པའི་དཔལ་འབྱོར་གྱི་ཚད་དེ་རྒྱུན་གནས་ཐུབ་རྒྱུ་དང་། དེ་བཞིན་བཅོས་སྒྱུར་གྱི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་དུས་ཚོད་ཅིག་ལ་སླེབས་ཡོད། ལྷག་པར་དུ་ཆབ་སྲིད་ཀྱི་ངོས་ནས་བཅོས་སྒྱུར་བྱ་རྒྱུའི་དུས་ཚོད་ལ་སླེབས་ཡོད། ཡིན་ནའང་ད་ལྟ་རྒྱ་ནག་སྲིད་གཞུང་གི་ངོས་ནས་བཅོས་སྒྱུར་བྱ་རྒྱུའི་རྣམ་པ་ཅི་ཡང་མི་སྟོན་པ་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་ཞིང་། སྤྱིར་རྒྱ་ནག་གི་ད་ལྟའི་དཔལ་འབྱོར་དང་སློབ་གསོའི་ཆུ་ཚད་ལ་བལྟས་ན་ཆབ་སྲིད་དམངས་གཙོའི་ལམ་དུ་འགྲོ་རྒྱུའི་དུས་ཚོད་ཏག་ཏག་ཅིག་ལ་འཁེལ་འདུག་མོད། གལ་ཏེ་ད་དུང་མུ་མཐུད་དུ་བཅོས་སྒྱུར་མ་བཏང་བ་ཡིན་ན་མ་འོངས་བའི་ལོ་བཅུ་དང་བཅོ་ལྔའི་ནང་དུ་ཉེན་ཁ་འདིའི་ཚད་ཆེ་རུ་ཕྱིན་ཏེ། ད་ལྟའི་རྒྱ་ནག་གི་སྒེར་གཅོད་ཀྱི་ཆབ་སྲིད་སྒྲིག་གཞི་འདི་འཐོར་ཞིག་ཏུ་འགྲོ་སྲིད་པ་རེད་ཅེས་བརྗོད་འདུག ཡང་ཁོང་གིས་རྒྱ་ནག་གཞུང་གི་ད་ལྟའི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་བཞིན་པའི་སྐོར་ནས་བརྗོད་དོན། རྒྱ་ནག་ལ་མཚོན་ན་གཞུང་གིས་དཔལ་འབྱོར་ཐོན་ཁུངས་མང་པོ་ཞིག་བཟུང་ཡོད་པ་དང། ཆབ་སྲིད་ཀྱི་དབང་ཆས་དཔལ་འབྱོར་ཐོན་ཁུངས་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་སྤྲད་ཚེ་རུལ་སུངས་ཆགས་པའི་ཞིང་ས་ལྟ་བུར་གྱུར། ཆབ་སྲིད་ཀྱི་དབང་ཆར་ཕྱོགས་འགལ་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ། སྒེར་ཚུགས་ཀྱི་ཁྲིམས་སྲིད་སྒྲིག་གཞི་བཅས་ཀྱིས་ལྟ་རྟོག་སྐྱོན་བརྗོད་བྱ་མ་ཐུབ་པ་ཡིན་ན་གནས་སྟངས་དེ་བས་ཀྱང་སྡུག་ཏུ་འགྲོ་སྲིད་ཅེ་དང་། ཡང་ཁོང་གིས་བརྗོད་ན་སྤྱིར་བཏང་དམངས་གཙོའི་ཆབ་སྲིད་ཀྱི་སྒྲིག་གཞིའི་འོག་ཏུའང་ལྐོག་ཟ་རུལ་སུངས་བ་མང་པོ་འབྱུང་གི་ཡོད་དེ་རྒྱ་གར་ལ་མཚོན་ན་དམངས་གཙོའི་སྒྲིག་སྲོལ་ཡག་པོ་ཞིག་ཡོད་ནའང་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོ་ཡོང་གི་ཡོད་མོད། ཡིན་ནའང་རུལ་སུངས་བ་རེ་རེས་ལྐོག་ཟ་བྱས་པའི་དངུལ་གྱི་གྲངས་ཀ་ཉུང་ཉུང་ཡིན། ཡིན་ནའང་སྒེར་གཅོད་སྲིད་གཞུང་གི་འོག་ཏུ་ལྐོག་ཟ་མཁན་གྱི་གྲངས་ཀ་ཉུང་ཉུང་ཡིན་རུང་ཁོ་ཚོས་དངུལ་ལྐོག་ཟ་བྱས་པའི་གྲངས་འབོར་ཧ་ཅང་མང་པོ་ཡིན་པ་སྟེ། མི་གཅིག་གིས་ཨ་སྒོར་ཁྲི་ལྔ་སྟོང་ལྐོག་ཟ་བྱས་པ་འང་ཡོད། གཞན་ཡང་དམངས་གཙོའི་ཆབ་སྲིད་ཀྱི་སྒྲིག་གཞིའི་འོག་ཏུ་སྲིད་གཞུང་གིས་རྒྱུ་ནོར་བདག་ཏུ་བཟུང་བའི་ཚད་ཉུང་ཞིང་དེ་ལ་ཡང་རང་དབང་ཚུགས་ཐུབ་ཅན་གྱི་སྒྲིག་འཛུགས་ཕྱི་གསལ་ནང་གསལ་བཟོ་མཁན་ཡོད་པས། གལ་ཏེ་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་བའི་མིང་ཐོག་ནས་མི་ཞིག་འཛིན་བཟུང་བྱས་པ་ཡིནའང་མི་དེ་དོན་ངོ་མས་ཐོག་ཏུ་ལྐོག་ཟ་རུལ་སུངས་ཡིན་མིན་དང་གཞུང་ཕྱོགས་ནས་ཆབ་སྲིད་འཐབ་རྩོད་ལ་རྐྱེན་བྱས་ཏེ་རུལ་སུངས་ཀྱི་མིང་ཐོག་ཏུ་འཛིན་བཟུང་བྱས་པ་ཡིན་མི་ཤེས། དེ་ལ་གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་མ་ཡིན་པའི་སྤྱི་ཚོགས་ཀྱི་ནུས་པར་བརྟེན་ནས་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG