ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

ཨ་རིའི་སློབ་ཆེན་ཁག་ཏུ་གྷ་ཟའི་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་།


ཨ་རི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་གྷ་ཟའི་དམག་འཁྲུག་ལ་ངོ་རྒོལ་
ཨ་རི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་གྷ་ཟའི་དམག་འཁྲུག་ལ་ངོ་རྒོལ་

༄༅།། ཨ་རི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་གྷ་ཟའི་དམག་འཁྲུག་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་བྷ་ཌན་གྱིས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་། དམངས་གཙོ་ཚོགས་པ་གནད་དོན་དེའི་ཐོག་ཏུ་ཤོག་ཁག་གཉིས་སུ་ཆད། ཕྱི་ཟླ་༥་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཉེན་རྟོག་པས་སློབ་ཆེན་ཁག་གི་སློབ་ཕྲུག་ཚོའི་ངོ་རྒོལ་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དང་སྤྱི་མཐུན་ཚོགས་པས་སློབ་ཕྲུག་གི་ངོ་རྒོལ་འདི་༢༠༢༤་ལོའི་འོས་བསྡུའི་རྩ་དོན་ཞིག་ཏུ་སྒྱུར་ཐབས་སུ་འབད། ཨ་རིའི་སློབ་ཆེན་ཁག་ཏུ་པ་ལི་སི་ཐན་མི་དམངས་ལ་རྒྱབ་སྐྱོར་དང་ཨི་སི་རལ་ལ་ངོ་རྒོལ་བྱས་ནས་དུས་ཡུན་གང་འཚམ་ཞིག་སོང་། ད་ལྟ་ངོ་རྒོལ་བྱ་ཡུལ་སློབ་ཆེན་ཁག་ཏུ་འཛིན་གྲྭ་ཚོགས་མ་ཐུབ་པར་དྲྭ་ལམ་དུ་སློབ་ཁྲིད་བྱེད་འགོ་ཚུགས། སློབ་ཆེན་ཁག་ཅིག་གིས་ལོ་འཁོར་ཡིག་རྒྱུགས་དུས་ཐོག་ཏུ་ལེན་ཐུབ་མིན་ངེས་གཏན་མེད་པར་གྱུར། སློབ་གྲྭའི་འཛིན་སྐྱོང་ཚན་པ་འགའ་ཤས་ཀྱིས་ཉེན་རྟོག་པ་བོས་ནས་སློབ་ཕྲུག་ངོ་རྒོལ་བའི་སྒར་ཁ་གཏོར་ཏེ་སློབ་ཕྲུག་དང་ཉེན་རྟོག་པ་ཚོ་རྒོལ་འཛིང་ཐུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ལྷག་པའི་ཉིན་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་ང་ཚོས་སློབ་ཕྲུག་གི་ངོ་རྒོལ་ལ་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད།
ཁ་སང་གཟའ་ལྷག་པའི་ཉིན་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་ང་ཚོས་སློབ་ཕྲུག་གི་ངོ་རྒོལ་ལ་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད།

ཁ་སང་གཟའ་ལྷག་པའི་ཉིན་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་ང་ཚོས་སློབ་ཕྲུག་གི་ངོ་རྒོལ་ལ་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད། ངོ་རྒོལ་བ་ཁག་ཅིག་གིས་སྨྲ་བརྗོད་རང་དབང་གི་ཚད་ཐིག་བརྒལ་ནས་ཁྲིམས་འགལ་གྱི་སྤྱོད་ངན་སྤེལ་གྱི་འདུག ཀོ་ལིམ་བྷི་ཡ་ལྟ་བུར་མཚོན་ན་སློབ་ཕྲུག་ཚོས་ཁང་ཆེན་ཁག་བཙན་བཟུང་བྱས་པ་ནི་ཞི་རྒོལ་མ་རེད་ཅེས་གཤེས། ཕོ་བྲང་དཀར་པོས་སློབ་ཕྲུག་གི་ངོ་རྒོལ་ལ་སྐྱོན་བརྗོད་བྱས་པ་དང་ངོ་རྒོལ་བ་ཚོས་ཨི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དགོས་འདུན་བཏོན་པར་སྲིད་འཛིན་བྷ་ཌན་གྱིས་མ་མཉན། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཨ་རིའི་སློབ་ཆེན་ཁག་ཟང་ཟིང་དུ་གྱུར་པའི་ལན་ཁག་དམངས་གཙོ་ཚོགས་པར་གཡོགས། གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་སན་གྱིས་ཨ་རིའི་སྲིད་འཛིན་གྱིས་གནད་དོན་འདིའི་ཐོག་ཏུ་སྐད་ཆ་བཤད་དགོས། དེང་སྐབས་ཨ་རིའི་སློབ་ཆེན་ཁག་ཏུ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་ནོར་འཁྲུལ་རེད་ཅེས་བརྗོད་བྱས་འདུག

གསར་འགོད་པ་ཚོས་ཕོ་བྲང་དཀར་པོའི་མགྲིན་ཚབ་པར་སློབ་ཕྲུག་ངོ་རྒོལ་བ་ཚོར་ཁྲིམས་གཅོད་བྱ་དགོས་སམ་ཞེས་དྲིས། མགྲིན་ཚབ་པས་ཨ་རིའི་མཐོ་སློབ་ཁག་དང་སློབ་ཆེན་ཁག་ལ་རང་རང་གི་འགྲིག་ཁྲིམས་རེ་ཡོད་པ་རེད། དེ་ནི་མཐོ་སློབ་དང་སློབ་ཆེན་ཁག་གིས་ཐག་གཅོད་བྱ་དགོས་པ་ཞིག་རེད་ཅེས་ལན་བཏབ། སྲིད་འཛིན་བྷ་ཌན་ནི་ངོ་རྒོལ་ལ་མོས་པ་ཆེ་བའི་མི་ཞིག་མིན་ཞིང་། ཁོང་གིས་ལོ་༢༨་ཐོག་ཏུ་རྫོང་གི་ལས་བྱེད་པ་ཞིག་བྱས་ནས་ཆེད་ལས་མགོ་བརྩམས། བྷ་ཌན་གྱིས་རྟག་ཏུ་ཐལ་ཆ་ཆེ་བའི་ཐབས་ཇུས་ལས་གུ་བཤངས་བྱ་རྒྱུ་ཆབ་སྲིད་ཀྱི་རྩ་དོན་ཞིག་ཏུ་བརྩིས། ༡༩༦༨་ལོར་ཨ་རིའི་སློབ་ཆེན་ཁག་ཏུ་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་ངོ་རྒོལ་ལས་འགུལ་ལངས། དེ་ནི་བྷ་ཌན་གྱིས་སེ་ར་ཁིའུ་སི་སློབ་གྲྭ་ཆེན་མོར་ཁྲིམས་ལུགས་སློབ་སྦྱོང་བྱེད་ཀྱི་ཡོད་པའི་དུས་སྐབས་ཡིན་མོད། ཇཱོ་བྷ་ཌན་གྱིས་ལོ་མང་རྗེས་སུ་ང་ནི་དམག་ཆས་སམ། ཡང་ན་ལྭ་བ་ཁྲ་ཁྲ་པ་ཁྲ་གྱོན་ནས་ནས་ངོ་རྒོལ་ལ་ཞུགས་རྒྱུར་དགའ་པོ་མེད། ང་ནི་མི་དེ་འདྲ་ཞིག་མིན་ཞེས་གླེང་།།

གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་སན་
གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་སན་

ཕྱི་ཟླ་༥་པའི་ཚེས་༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༥༧་ཀྱིས་སྲིད་འཛིན་བྷ་ཌན་ལ་ཨི་སི་རལ་གྱིས་ར་ཧྥ་ས་གནས་སུ་དཔུང་འཇུག་བྱ་རྒྱུའི་འཆར་གཞི་འདུག ཨ་མི་རི་ཀས་ཨི་སི་རལ་ལ་རོགས་སྐྱོར་སྤྲོད་རྒྱུ་ངང་འཐེན་བྱོས་ཞེས་སྙན་ཞུ་ཕུལ། ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༢༢་ཉིན་སྲིད་འཛིན་བྷ་ཌན་གྱིས་མི་རིགས་དབྱེ་འབྱེད་ཀྱི་ངོ་རྒོལ་ལ་ཁ་རྡུང་གཏོང་རྒྱུ་ཡིན། པ་ལི་སི་ཐན་བ་ཚོས་ཅི་ཞིག་མྱོང་གི་ཡོད་པ་ཤེས་རྟོགས་མི་ཐུབ་མཁན་ཚོ་ལའང་ཁ་རྡུང་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ནས་བཟུང་། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་སློབ་ཆེན་ཁག་ཏུ་སློབ་ཕྲུག་གི་ངོ་རྒོལ་བྱེད་ཀྱི་ཡོད་པར་གླེང་སློང་ཅི་ཡང་མ་བྱུང་། དམངས་གཙོ་ཚོགས་པའི་མཐོ་རིམ་ལས་སྣེ་ཁག་ཅིག་གིས་སྲིད་འཛིན་བྷ་ཌན་ནས་ཨི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་དྲགས་ཚེ། ན་གཞོན་འོས་ཤོག་འཕེན་མཁན་ཚོས་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པར་འོས་ཤོག་མ་འཕངས་པར་ཕམ་ཉེས་འབྱུང་སྲིད་ཅེས་ཉེན་བརྡ་བཏང་འདུག

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གློ་བུར་དུ་སྐམ་མཚོ་གནམ་གསུམ་ནས་འཇབ་རྒོལ་བྱས་ཏེ་མི་༡༢༠༠་བསད་པ་དང་མི་༢༠༠་ཡས་མས་ཤིག་བཙན་ཁྲིད་བྱས་ཤིང་། ཨི་སི་རལ་གྱིས་རྒོལ་ལན་བསློགས་ནས་ད་ལྟའི་བར་དུ་པ་ལི་སི་ཐན་བ་༣༤༠༠༠་ལྷག་བསད། གྷ་ཟའི་ཐང་གཤོང་ལ་བཟའ་བཏུང་དང་སྨན་སོགས་བཀག་སྟེ་པ་ལི་སི་ཐན་བ་ཚོས་ནད་མནར་དང་བཀྲེས་ལྟོགས་ཀྱི་དཀའ་སྡུག་མྱངས། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་དང་དམངས་གཙོ་ཚོགས་པས་མི་རིགས་དབྱེ་འབྱེད་དང་འཇིགས་སྐུལ་རིང་ལུགས་པའི་ཕྱོགས་འཛིན་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཁུ་ཎི་ཕི་ཡཀ་སློབ་གྲྭ་ཆེན་མོས་མི་དམངས་ལ་བསམ་ཚུལ་དྲིས་པ་ལྟར་ན། ཨ་རི་བ་ལོ་༡༨་ནས་༣༤་བར་གྱི་འོས་ཤོག་འཕེན་མཁན་བརྒྱ་ཆ་༦༦་གིས་ཨ་མི་རི་ཀས་ཨི་སི་རལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་ངོ་རྒོལ་ཡོད་ཅེས་ལན་འདེབས་བྱས་འདུག

ཕྱི་ཟླ་༥་པའི་ཚེས་༢་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སློབ་ཕྲུག་ངོ་རྒོལ་བ་ཚོས་ཨ་རིའི་སློབ་ཆེན་ཁག་གིས་ཨི་སི་རལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་མ་རྩ་བཙུགས་ཡོད་པ་ཕྱིར་འཐེན་བྱ་དགོས། ཨི་སི་རལ་གྱི་བཟོ་ཚོང་ལས་ཁུངས་ཁག་དང་ཚོགས་པ་ཁག་ལ་མ་རྩ་བཙུགས་ནས་གྷ་ཟའི་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་འདུག ཨ་རིའི་སློབ་ཆེན་ཁག་གིས་ཨི་སི་རལ་ལ་དཔལ་འབྱོར་དང་ཚོང་འབྲེལ་གཅོད་དགོས་ཞེས་དགོས་འདུན་བཏོན། ཨ་རིའི་སློབ་ཆེན་ཁག་གི་ཞིབ་འཇུག་འགྲོ་གྲོན་དང་སློབ་ཡོན་རོགས་རམ་གྱི་དངུལ་སྒོར་རྣམས་བཟོ་ཚོང་ལས་ཁུངས་ཁག་ལ་མ་རྩ་བཙུགས་ནས་ཁེ་སང་རག་པ་དེ་ནས་འགྲོ་གྲོན་གཏོང་གི་ཡོད་ཅིང་། ཕྱི་ཟླ་༤་པའི་མགོ་སྟོད་དུ་ཀོ་ལིམ་བྷི་ཡ་སློབ་ཆེན་གྱི་གཙོ་འཛིན་གྲོས་ཚོགས་སུ་བཅར་ནས་སློབ་ཆེན་དེར་མི་རིགས་དབྱེ་འབྱེད་ཀྱི་ལས་འགུལ་ལངས་ཡོད་པ་སོགས་ལ་ཉན་ཞིབ་ཚོགས། སློབ་ཕྲུག་བརྒྱ་ཕྲག་མང་པོས་སློབ་གྲྭའི་ཐང་དུ་གུར་ཕུབ་སྟེ་ངོ་རྒོལ་ལས་འགུལ་སྤེལ།།

ཀོ་ལིམ་བྷི་ཡའི་རྗེས་སུ་ཧ་ཝར་ཌི་དང་ཡེལ། མེ་སེ་ཆུ་སི་ཊི་འཕྲུལ་རིག་ཞིབ་འཇུག་སློབ་ཆེན། ནེའུ་ཡོཀ་སློབ་གྲྭ་ཆེན་མོ་དང་འཇོར་ཇཱི་ཝ་ཤིང་ཊོན། བྷ་རོང་སློབ་ཆེན་དང་ཨེ་མར་སན། འཇོར་ཇཱི་ཊོང་སོགས་ཨ་རིའི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་ངོ་རྒོལ་ལས་འགུལ་ཁྱབ། དེ་བཞིན་ཨོ་གླིང་དང་ཁེ་ན་ཌ། ཧྥ་རན་སི་དང་ཨི་ཊ་ལི། དབྱིན་ཡུལ་བཅས་ཀྱི་སློབ་ཆེན་ཁག་ཏུའང་པ་ལི་སི་ཐན་མི་དམངས་ལ་རྒྱབ་སྐྱོར་གྱི་ལས་འགུལ་ལངས། ཉམས་ཞིབ་པ་ཚོས་དུས་རབས་སྔོན་མའི་ལོ་རབས་༦༠་པའི་ནང་དུ་ཨ་རིའི་སློབ་ཆེན་ཁག་ཏུ་ཝི་ཏེ་ནམ་གྱི་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་དམག་འཁྲུག་མཚམས་འཇོག་ཐུབ་པ་བསྐྱར་ཟློས་འབྱུང་དུ་འཇུག་ཐབས་ཤིག་ཡིན་ཤས་ཆེ། ཡིན་ནའང་ཝི་ཏེ་ནམ་གྱི་དམག་འཁྲུག་སྐབས་སུ་ཨ་རིའི་དམག་མི་ཁྲི་ཚོ་མང་པོ་ཤི་བས་ཨ་རིའི་མི་དམངས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱས་པ་རེད། ཝི་ཏེ་ནམ་གྱི་དམག་འཁྲུག་དང་གྷ་ཟའི་དམག་འཁྲུག་ལ་ཁྱད་པར་ཆེན་པོ་འདུག གྷ་ཟའི་དམག་འཁྲུག་ནང་དུ་ཨ་མི་རི་ཀའི་དམག་མི་བསད་རྨས་འབྱུང་གི་མེད་པས་མང་ཚོགས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་ཀྱི་མི་འདུག་ཅེས་བསྟན།།

ད་ལྟ་ཨ་རིའི་སློབ་ཆེན་ཁག་ཅིག་གིས་སློབ་ཕྲུག་ངོ་རྒོལ་བ་ཚོར་གྲོས་སྡུར་བྱེད་ཀྱི་ཡོད་པ་དང་སློབ་ཆེན་ཁག་ཅིག་གིས་ཐ་ཚིག་བསྒྲགས། ནུབ་བྱང་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་ཚན་པ་དང་ལས་འགུལ་བ་ཚོ་སློབ་ཕྲུག་གིས་སྒར་ཆེན་བརྒྱབ་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་གཞི་རྒྱ་ཆུང་དུ་གཏོང་རྒྱུའི་གྲོས་མཐུན་བྱུང་། བྷ་རོང་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་ཚན་པ་དང་སློབ་ཕྲུག་ངོ་རྒོལ་བ་ཚོས་ཨི་སི་རལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་མ་རྩ་བཙུགས་ཡོད་པ་ཕྱིར་འཐེན་བྱས་ནས་ཚོང་འབྲེལ་གཅོད་དགོས་མིན་མང་མོས་འོས་ཤོག་འཕེན་རྒྱུའི་ཐག་བཅད། ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོས་ཉེན་རྟོག་པ་བོས་ནས་སློབ་ཕྲུག་གི་ངོ་རྒོལ་ལ་དྲག་གནོན་དང་གཏེ་གཙོ་རྣམས་འཛིན་བཟུང་བྱ་རྒྱུའི་ཐབས་ཇུས་བསྟེན། པ་ལི་སི་ཐན་མི་དམངས་ཀྱི་རྒྱབ་སྐྱོར་བ་ཚོས་ཨ་རིའི་སློབ་ཆེན་ཁག་ཏུ་ངོ་རྒོལ་ལས་འགུལ་ཅི་ཙམ་ཤུགས་ཆེ་རུ་ཕྱིན་ན་དེ་ཙམ་གྱིས་ཨ་རིའི་གཞུང་གིས་ཨི་སི་རལ་ལ་དམག་འཁྲུག་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG