ཤཱེན་ཧཱའོ་ནི་ རྒྱ་ནག་གི་མི་རབས་གསར་པའི་གསར་འགོད་པ་རྣམས་ཀྱི་མིག་དཔེ་ལྟ་ས་ཞིག་ཡིན་ཞིང་། ཁོང་གིས་དྲང་བདེན་གྱི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་སྟངས་ནི། གསར་འགོད་ལས་རིགས་ཀྱི་ནང་རེ་བ་དང་། ཕུགས་བསམ་གྱི་དུས་སྐབས་གསར་པ་ཞིག་འཆར་བའི་མཚོན་དོན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གིས་རྩོམ་སྒྲིག་པའི་འགན་འཛིན་བླངས་པ་ནས་བཟུང་ མགོན་སྐྱབས་མེད་པའི་ཉམ་ཆུང་སྲུང་སྐྱོབ་དང་། དབང་ཡོད་ཤོད་མཁན་ཚོ་འཐེར་འདོན་བྱེད་པའི་ཞིབ་དཔྱོད་ཀྱི་ངོ་བོ་ལྡན་པའི་གསར་འགྱུར་འགོད་སྤེལ་བྱེད་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད་པ་རེད། འོན་ཀྱང་། ད་ཆ་དེ་འདྲའི་རེ་བས་ཁེངས་པའི་རྣམ་པ་ནི་ཅུང་ཟད་ཙམ་ཡང་མངོན་རྒྱུ་མེད་པར་གྱུར་ཡོད་པ་དང་།
རྒྱ་ནག་གི་གསར་འགོད་པ་ན་གཞོན་རྣམས་ཀྱི་སེམས་ཤུགས་ཀྱི་འབྱུང་ཁུངས་རྩོམ་སྒྲིག་པ་ཤཱེན་ཧཱའོ་ལ། གསར་འགོད་ཀྱི་གནས་བབས་བེད་སྤྱོད་བྱས་ཏེ། དངུལ་ཟས་པ་རེད་ཟེར་གཞུང་གིས་ཉེས་འཛུགས་བྱས་ཏེ། དེའི་ཐད་ཁོང་ལ་སྔ་ལོའི་ལོ་མཇུག་ཏུ་གཞུང་གཉེར་བརྙན་འཕྲིན་ཐོག་ངོས་ལེན་ཐེངས་གཉིས་བྱེད་དུ་བཅུག་ཡོད་པ་རེད། འོན་ཀྱང་། ཁོང་ལ་དེ་འདྲའི་ཉེས་འཛུགས་བྱས་པ་དེ་ནི། རང་དབང་ཅན་གྱི་གསར་འགོད་བྱ་གཞག་གི་སྣེ་ཁྲིད་པ་གྲགས་ཅན་གཅིག་གནོན་སྡོམ་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་ལས། བདེན་པ་མིན་པ་དང་། འདིའི་ཐོག་ནས་དམར་ཤོག་ཚོགས་པས་ཡོངས་རྫོགས་དབང་དུ་སྡུད་པའི་རྒྱ་ནག་གི་ནང་། དྲང་བདེན་གྱི་དམིགས་ཡུལ་འཛིན་པའི་གསར་འགོད་ལས་རིགས་ལ། མདུན་ལམ་མེད་པ་དེ་གསལ་པོ་མཚོན་པ་རེད་ཅེས། ཁོང་གི་རྒྱབ་སྐྱོར་བ་དང་ ཉམ་ཞིབ་པ་ཚོས་འགྲེལ་རྗོད་བྱེད་ཀྱི་ཡོད་པ་རེད།།