ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྐད་གསུམ་ཚིག་མཛོད་རྩོམ་མཁན་དང་སློབ་གསོ་བ་བཀྲ་ཤིས་ཚེ་རིང་རྗེས་སུ་དྲན་པ།


ཕྱི་ཟླ་༡༢་ཚེས་༨་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་དུ། ཕྱི་ཟླ་བཅུ་གཉིས་པའི་ཚེས་༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་ཚེ་རྫོགས་པའི་བོད་ཀྱི་སློབ་གསོའི་ལས་དོན་ལ་བྱས་རྗེས་ཅན་དང་། དེང་རབས་བོད་ཀྱི་ལོ་རྒྱུས་ཁྲོད་ཚབ་མཚོན་མི་སྣར་གྱུར་ཡོད་པའི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛད་རྗེས་ཐད་བགྲོ་གླེང་ཞུས་ཡོད།། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནི་༡༩༢༩་ལོར་གཙང་རྣམ་གླིང་རྫོང་དུ་སྐུ་འཁྲུངས་པ་དང་། ༡༩༥༧་ལོར་རྒྱ་གར་དུ་ཚོང་རྒྱག་པར་ཕེབས་ཤིང་། དེ་ནས་ཨ་རིར་སློབ་གཉེར་གནང་སྟེ་༡༩༦༤་ལོར་ཕྱིར་བོད་དུ་ཕེབས་པ་རེད། ཟང་ཟིང་གི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་བཙོན་ཁང་དུ་ལོ་དྲུག་རིང་དཀའ་ལས་མྱངས་པ་དང་། ༡༩༧༣་ལོར་གློད་གྲོལ་ཐོབ་པ་རེད། ལོ་རབས་བརྒྱད་བཅུ་བའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་ཚུགས་ཤིང་། ཡུལ་སྐོར་སྣེ་ཤན་པ་དང་མགྲོན་ཁང་གི་འཛིན་སྐྱོང་གཉེར། ཡོང་འབབ་དེ་ལ་བརྟེན་ནས་ལོ་རབས་དགུ་བཅུ་བའི་ནང་ཕ་ཡུལ་དུ་སློབ་གྲྭ་མང་པོ་གསར་རྒྱག་བྱས་པ་རེད།། ཐེངས་འདིའི་ཕ་ཡུལ་གླེང་སྟེགས་ནང་ཨ་རིའི་ནང་གི་བོད་དོན་མཁས་པ་Goldstein ལགས་ཀྱིས་བརྩམས་པའི་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་ལོ་ཙཱ་བྱེད་མཁན་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་པ་ཡིན། ཆུང་ཚེ་རིང་ལགས་ཀྱིས་བརྗོད་པ་ལྟར་ན། རྒན་བཀྲ་ཤིས་ཚེ་རིང་ལགས་ནི་རྒྱ་གར་དུ་ཕེབས་པའི་སྐབས་སུ་སྐུའི་གཅེན་པོ་རྒྱལ་པོ་དོན་གྲུབ་ལགས་དང་འཆམ་པོ་གྱུར་བ་དང་། ཕྱིས་སུ་ཨ་རིར་ཕེབས་ཁར་༧གོང་ས་མཆོག་གི་གཟིམས་ཆུང་མཇལ་ཁ་རེག་སྐབས། ༧གོང་ས་མཆོག་གིས་བོད་པ་བཟང་པོ་ཞིག་བྱ་དགོས་པ་དང་། སློབ་སྦྱོང་ཡག་པོ་ཞིག་བྱ་དགོས་པ། སློབ་སྦྱོང་གི་འབྲས་བུ་བོད་ལ་ཕན་ཐོགས་ཡོད་པ་ཞིག་བྱ་དགོས་ཞེས་དོན་ཚན་གསུམ་གྱི་བཀའ་སློབ་གནང་ཡོད་ཟེར། ཆུང་ཚེ་རིང་ལགས་ཀྱིས་བརྗོད་པ་ལྟར་ན། རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མི་ཚེ་གང་བོར་བཀའ་སློབ་དེ་སྙིང་ལ་བཅངས་ནས་འབད་བརྩོན་བྱས་ཏེ་བོད་དུ་སློབ་གྲྭ་དྲུག་བཅུ་ལྷག་བརྒྱབ་ནས་དབྱིན་བོད་རྒྱ་བཅས་སྐད་གསུམ་ཚིག་མཛོད་བརྩམས་འདུག་ཟེར། ལོ་རྒྱུས་ཀྱི་དེབ་བོད་འགྱུར་མ་དེའི་ཁ་བྱང་ལ་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞུ་བ་རེད།།

XS
SM
MD
LG