ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༡༢/༠༡

རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཐེངས་བདུན་པ་དེ་ཧྥ་རན་སིར་སྤེལ།


(Società Libera Photo)
(Società Libera Photo)

ཧྥ་རན་སའི་རྒྱལ་སར་བོད་པ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཚོགས་པ་ཁག་ཅིག་གི་སྣེ་འཁྲིད་འོག་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཐེངས་བདུན་པ་ཞེས་པ་ཞིག་སྤེལ་ཡོད།། བོད་ཀྱི་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ཟླ་བཅུ་བའི་ཚེས་༡༡་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། ཕ་རི་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལཊ་དང་། ཨེ་ཤ་ཡའི་ཝེ་ཐི་ནམ་དང་ཤིན་ཅང་། འབར་མ། ལའོ་སི། རྒྱ་ནག་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པའི་སྣེ་ཁྲིད་འོག བོད་པ་གཙོས་བོད་དོན་རྒྱབ་སྐྱོར་བ་དང་། དེ་བཞིན་མི་རིགས་འདྲ་མིན་གྱི་མི་མང་བརྒྱ་ཕྲག་ལྷག་གིས་རྒྱལ་ས་ཕ་རི་སིའི་(staue de liberté) རང་དབང་འདྲ་སྐུ་མཚོ་ཁ་ནས་(trocadéro)འགྲོ་བ་མིའི་རང་དབང་ཐང་ཆེན་བར། འཕྲེད་དར་སྟེང་འབོད་ཚིག་སྣ་མང་བཀོད་པའི་ཐོག་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་།།

ཕ་རི་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་༢༠༠༥ ལོ་ནས་བཟུང་ཕ་རི་སི་བོད་རིགས་ཚོགས་པ་ནི་ལྷོ་ཤར་ཨེ་ཤ་ལའི་རང་དབང་གོམ་བགྲོད་འདིའི་ནང་མཉམ་ཞུགས་གནང་ཡོད་ཅིང་། འཛུལ་ཞུགས་བྱེད་དོན་གཙོ་བོ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོས་མུ་མཐུད་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་དང་། ཐ་ན་རང་ལུས་མེར་བསྲེགས་ཀྱིས་བོད་མིའི་སེམས་ཀྱི་དཀའ་སྡུག་ཕྱི་ལ་སྟོན་བཞིན་ཡོད་སྟབས། དེ་རིང་མི་རིགས་ཁག་མཉམ་རུབ་ཐོག་ལས་འགུལ་འདི་འདྲ་ཞིག་སྤེལ་ཐུབ་ན་གནས་ཚུལ་དྲིལ་བསྒྲགས་ཡོང་བར་ཕན་ཐོགས་ཡོད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ལས་འགུལ་འདི་བརྒྱུད་ཧྥ་རན་སི་གཞུང་དང་ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྔར་ལས་རྒྱབ་སྐྱོར་ཡོང་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་་ཡོད་པ་རེད།།

རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཐེངས་དྲུག་པའི་རྗེས་སུ་ཡུ་རོབ་གྲོས་ཚོགས་ལ་ཡིག་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་བ་དང་། དེའི་ནང་གཉའ་གནོན་འོག་ཡོད་པའི་ཚོགས་སྡེ་ཁག་དང་། གྲངས་ཉུང་མི་རིགས། མི་མང་གི་རང་དབང་ཉིན་མོའི་ཆེད་ཡུ་རོབ་ཉིན་མོ་ཞུ་བ་ཞིག་གཏན་འབེབ་བྱེད་དགོས་པའི་འབོད་སྐུལ་བརྒྱབ་ནས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་གནང་ཡོད་པ་རེད། གོམ་བགྲོད་ཐེངས་དྲུག་པ་དེ་ནི་ཡུ་རོབ་ཀྱི་གྲོང་ཁྱེར་རོམ་དང་། ཕེ་རེ་སི། བྷིར་ལིན། བྷི་རུ་སེལ་སི་བཅས་ཀྱི་ནང་སྤེལ་བ་དང་། གོམ་བགྲོད་ཐེངས་བདུན་པ་འདི་ནི་ཧྥ་རན་སི་གཅིག་པོའི་ནང་སྤེལ་འདུག།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG