ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༢༢

རྒྱ་ནག་གི་ཕ་མ་ངལ་རྩོལ་བ་ཚོས་ཤུལ་དུ་བསྐྱུར་བའི་ཕྲུ་གུའི་དཀའ་ངལ།


༄༅།། ཉེ་ཆར་རྒྱ་ནག་གི་བུ་ཆུང་ཞིག་གིས་ང་ལ་དངུལ་སྒོར་མི་དགོས། ང་ལ་ཨ་མ་དགོས་ཞེས་ངུས་ནས་ཨ་མར་འཐམས་ཏེ་གློད་ཀྱི་མེད་པའི་བརྙན་འཕྲིན་ཞིག་དྲྭ་ལམ་དུ་ཁྱབ་སྟེ་མི་ཚོར་སྐྱོ་སྣང་གི་ན་ཟུག་ཅིག་བསླངས། རྒྱ་ནག་གི་ཕ་མ་ཚོ་གྲོང་ཁྱེར་ཁག་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་ཏེ་ཕྲུ་གུ་ཤུལ་དུ་ལུས་པ་དེ་དག་གིས་ཕ་མ་དྲན་པའི་སེམས་ཀྱི་གདུང་བ་ཅི་ཙམ་མྱོང་གི་ཡོད་པ་རྣམས་ངོ་འཕྲོད། ཕྱི་ཟླ་༨་པའི་ཚེས་༡༦་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གཞུང་འབྲེལ་གཞི་གྲངས་སུ་༢༠༢༠་ལོར་ཕ་མ་ཚོས་གྲོང་གསེབ་ཁག་ཏུ་བསྐྱུར་ཡོད་པའི་ཕྲུ་གུ་ས་ཡ་༡༣་འདུག་ཅེས་འཁོད། རང་བཙན་གྱི་ཉམས་ཞིབ་ཚོགས་པ་ཁག་གིས་ཞིབ་འཇུག་བྱས་ནས་རྒྱ་ནག་གི་ཕྲུ་གུ་ས་ཡ་༧༠་ཡས་མས་ཤིག་གི་ཕ་མ་གཅིག་གམ། ཡང་ན་ཕ་མ་གཉིས་ཀ་གྲོང་ཁྱེར་ཁག་ཏུ་ལས་ཀར་ཕྱིན་འདུག ཕྲུ་གུ་ས་ཡ་༣༠་ལྷག་གི་ཕ་མ་གཉིས་ཀ་གྲོང་ཁྱེར་ཁག་ཏུ་ལས་ཀར་ཕྱིན་ཡོད་པ་དང་ཕ་མ་ཚོས་ཤུལ་དུ་བསྐྱུར་བའི་ཕྲུ་གུ་དེ་རྣམས་རྒྱ་ནག་གི་རྗེས་ལུས་དང་དབུལ་ཕོངས་ཀྱི་ས་ཁུལ་ཁག་གི་ཕྲུ་གུ་རེད་ཅེས་ཞིབ་འཇུག་གི་སྙན་ཐོ་བཏོན། རྒྱ་ནག་གི་ཕ་མ་ངལ་རྩོལ་བ་ཚོས་ཕྲུ་གུ་མཉམ་དུ་འཁྲིད་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཐེམ་ཐོའི་ལམ་ལུགས་ལ་ཐུག་ཡོད་ཅིང་། རྒྱ་ནག་གི་སྤྱི་ཚོགས་སུ་ཐེམ་ཐོ་བསྒྱུར་རྒྱུ་དེར་དཀའ་ངལ་ཆེ་བ་དང་ཐེམ་ཐོ་གྲོང་གསེབ་ཁག་ཏུ་ཡོད་པའི་མི་ཚོར་གྲོང་ཁྱེར་གྱི་སྤྱི་དམངས་ལྟར་སྨན་བཅོས་དང་ཤེས་ཡོན་སློབ་སྦྱོང་། རྒས་ཕོགས་སོགས་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་མེད་པར་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་གྲོང་གསེབ་ཏུ་མི་འཇོག་ཀ་མེད་དུ་འགྱུར་གྱི་ཡོད་པའི་གནས་ཚུལ་ཐོན། བུ་ཆུང་ཞིག་གིས་ང་ལ་དངུལ་སྒོར་མི་དགོས། ང་ལ་ཨ་མ་དགོས་ཟེར་གྱི་ཡོད་པ་དེ་རྒྱ་ནག་གི་ཨན་ཧུའི་ཞིང་ཆེན་གྱི་ཧྥུ་དབྱང་གྲོང་ཁྱེར་གྱི་ཁྱིམ་ཚང་ཞིག་ཏུ་དངོས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་ཞིང་། བུ་ཆུང་དེའི་ལས་དབང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཕྲུ་གུ་ས་ཡ་མང་པོ་ཕ་མ་དང་ཁ་འབྲལ་འདོད་མེད་པར་སེམས་སྡུག་མྱོང་གི་ཡོད་པ་རྣམས་མཚོན་ཐུབ་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་མོ་ཨ་མ་ཞིག་གིས་ཕ་མ་ཚོ་ལའང་དཀའ་ངལ་མེད་པ་ཞིག་ག་ལ་ཡིན། ང་ཚོ་རང་གི་ཕྲུ་གུའི་མཉམ་དུ་བསྡད་ནས་འཚོ་བ་སྐྱིད་པོ་ཞིག་ལ་རོལ་འདོད་ཡོད་ཀྱང་གདམ་ཀ་ཡོད་པ་ཞིག་མ་རེད་ཅེས་དཀའ་ངལ་བགྲངས། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཨན་ཧུའི་ཞིང་ཆེན་གྱི་ཧྥུ་དབྱང་གྲོང་ཁྱེར་གྱི་བུ་ཆུང་དེར་ཨ་མ་ཧྲང་ཧེ་གྲོང་ཁྱེར་ལ་ལས་ཀར་འགྲོ་ཡི་རེད་ཅེས་བཤད་པའི་སྐབས་སུ་སེམས་ཁམས་རབ་ཏུ་འཁྲུགས་ནས་ཨ་མར་དམ་པོར་འཁྱུད། རྨོ་མོས་བུ་ཆུང་བཙན་གྱིས་ཚུར་འཐེན་ནས་མ་བུ་གཉིས་ཁ་གཏོར་གཏོང་ཐབས་སུ་འབད། བུ་ཆུང་གིས་ཨ་མའི་སྟོད་གོས་ཀྱི་གོང་བར་འཇུས། ཨ་མ། སྐུ་མཁྱེན། མ་འགྲོ་རོགས་བྱོས་ཞེས་ཞུ་བ་འཐེན། ཨ་མས་ངས་ཁྱོད་ཀྱི་ཆེད་དུ་དངུལ་སྒོར་གསོག་སྒྲུབ་བྱེད་ཀྱི་ཡོད་ཅེས་ལན་བཏབ། བུ་ཆུང་གིས་ང་ལ་དངུལ་སྒོར་མི་དགོས། ང་ལ་ཨ་མ་དགོས་ཞེས་ལན་གླན་པ་རྣམས་བརྙན་འཕྲིན་ནང་དུ་གསལ། རྨོ་མོས་རང་གི་ཚ་བོར་རྩེད་ཆས་མང་དག་ཅིག་ཉོ་ཆོག་ཅེས་མགོ་སྐོར་བཏང་བ་དང་ཨ་མ་མགྱོགས་པོ་ལོག་ཡོང་གི་རེད་ཅེས་ཁ་ཏ་བྱས་ནས་བུ་ཆུང་ཞི་འཇམ་དུ་འགོད་ཐུབ་པ་ཞིག་བྱུང་འདུག ༢༠༡༨་ལོའི་རྒྱ་ནག་གི་གཞུང་འབྲེལ་གཞི་གྲངས་སུ་སི་ཁྲོན་ཞིང་ཆེན་གཅིག་པུར་ཕ་མ་ཚོས་ཕྲུ་གུ་༧༦༠༠༠༠་ཤུལ་དུ་བསྐྱུར་ཏེ་གྲོང་ཁྱེར་ཁག་ཏུ་ལས་ཀར་ཕྱིན་འདུག སི་ཁྲོན་གྱི་འཕྲོ་ནས་ཨན་ཧུའི་དང་ཧུ་ནན། ཅང་ཤི་དང་ཧུ་པེ། གུའི་ཀྲུག་བཅས་ཞིང་ཆེན་ལྔའི་ནང་དུ་ཕ་མ་ཚོས་ཕྲུ་གུ་ཤུལ་དུ་བཞག་ནས་གྲོང་ཁྱེར་ཁག་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་ཡོད་པའི་མི་གྲངས་མང་བ་འདུག་ཅེས་གནས་ཚུལ་སྤེལ་མོད། འོན་ཀྱང་རང་བཙན་གྱི་ཉམས་ཞིབ་ཚོགས་པ་ཁག་གིས་ཕ་མ་ཚོས་ཕྲུ་གུ་གྲོང་གསེབ་ཁག་ཏུ་བསྐྱུར་ཡོད་པའི་གྲངས་འབོར་ནི་ལྡབ་འགྱུར་གྱི་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

༢༠༡༥་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོང་གསེབ་ཁག་གི་ངལ་རྩོལ་བ་དུང་ཕྱུར་༣་ལྷག་ལོ་ལྟར་གྲོང་ཁྱེར་ཁག་ལ་ལས་ཀ་འཚོལ་དུ་ཕྱིན་ཏེ་ཕྲུ་གུ་དུང་ཕྱུར་༡་ཡས་མས་ཤིག་ཟླ་བ་མང་པོར་ཕ་མ་གཉིས་ཀའམ། ཡང་ན་ཕ་མ་གཅིག་ལས་མེད་པར་གྲོང་གསེབ་ཏུ་ལུས་ཀྱི་འདུག རྒྱ་ནག་གི་ཕ་མ་ཕལ་ཆེ་བ་ལོ་སར་གྱི་གུང་སེང་དུས་སུ་ཉིན་ཤས་རིང་ཕ་ཡུལ་དུ་ལོག་སྟེ་ཕྲུ་གུར་ཐུག་འཕྲད་ཀྱི་གོ་སྐབས་ལས་མི་འདུག་ཅེས་བསྟན། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་གླེང་སློང་ཆེན་པོ་བྱེད་ཀྱི་ཡོད་པའི་བརྙན་འཕྲིན་དེའི་ནང་གི་ཨ་མ་དེས་ངས་བུ་ཆུང་རྦད་དེ་ཤུལ་དུ་བཞག་ནས་ཕྱིན་མྱོང་མེད། ང་ཚོས་སྔོན་ཆད་བུ་ཆུང་ཧྲང་ཧེ་ལ་མཉམ་དུ་ཁྲིད་པ་ཡིན། དྲང་པོར་བཤད་ན་ངས་ཀྱང་བུ་ཆུང་བཞག་སྟེ་འགྲོ་དགོས་པ་འདིར་སེམས་ལ་ན་ཟུག་ལྡང་ནས་བཟོད་ཀྱི་མི་འདུག བུ་ཆུང་ཤུལ་དུ་འཇོག་དགོས་པའི་རྒྱུ་མཚན་ནི་ཉེ་ཆར་ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་པར་ང་ཚོས་འཛེམ་ཟོན་བྱེད་ཀྱི་ཡོད། ད་ལྟ་སྐབས་ཤིག་གི་རིང་ང་ཚོ་ཁ་བྲལ་ནས་མ་བསྡད་ཐབས་མེད་རེད། ལོ་རྗེས་མར་ང་ཚོ་ལྷན་འཛོམས་ཡོང་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག རྒྱ་ནག་གི་དྲྭ་དམངས་ཚོས་བུ་ཆུང་དེའི་སྐྱིད་སྡུག་ལ་གཞིགས་ནས་སོ་སོ་རང་གི་མྱོང་བ་རྣམས་དྲྭ་ལམ་དུ་བཀོད། མཆན་འགོད་པ་ཞིག་གིས་བུ་ཆུང་དེས་ང་ལ་ཆུང་དུས་ཀྱི་འཚོ་བ་དྲན་སློང་བྱས་བྱུང་། ངའི་ཕ་མ་གཉིས་ཀྱང་གྲོང་ཁྱེར་ཁག་ཏུ་ལས་ཀ་འཚོལ་དུ་ཕྱིན་པའི་ངལ་རྩོལ་བ་ཡིན། ཁོ་ཚོ་ལོ་འགའ་རེའི་རྗེས་སུ་མ་གཏོགས་ཕ་ཡུལ་ལ་ཡོང་ཐུབ་ཀྱི་མ་རེད་ཅེས་བྲིས། མཆན་འགོད་པ་གཞན་ཞིག་གིས་ང་ཡིན་ན་ཕྲུ་གུ་ཤུལ་དུ་བཞག་ནས་ལས་ཀར་བསྐྱོད་ཐུབ་ས་མ་རེད། ང་གྲོང་ཁྱེར་ཁག་ཏུ་ངལ་རྩོལ་བརྒྱུགས་ནས་དངུལ་སྒོར་མང་བ་འདུ་འགོད་བྱ་རྒྱུའི་ཚབ་དུ་རང་གནས་སུ་ཡོང་འབབ་ཅུང་ཟད་ལས་མེད་ཀྱང་དེས་ཚིམ་པར་བྱ་ས་རེད་ཅེས་བྲིས། ཨ་མ་ཞིག་ཡིན་ཟེར་བའི་མཆན་འགོད་པ་ཞིག་གིས་ཕ་མ་ལའང་དཀའ་ངལ་ཡོད་པ་རེད། ཁོ་ཚོས་རང་གི་ཕྲུ་གུར་འཚོ་བའི་མཐུན་རྐྱེན་ཡག་པོ་ཞིག་སྦྱོར་རྒྱུ་དང་ཕྲུ་གུའི་མཉམ་དུ་འདུག་འདོད་ཡོད་ཀྱང་སྐབས་འགར་ཕ་མ་ཚོར་གདམ་ཀ་ཚང་མ་མེད་པ་རེད་ཅེས་བྲིས།།

༢༠༢༡་ལོའི་ཕྱི་ཟླ་༤་པའི་ཚེས་༢༢་ཉིན་ཨི་སི་རལ་གྱི་ཨ་རེ་ཛི་ཉིན་རེའི་ཚགས་པར་ལ་ཤུལ་དུ་ལུས་པའི་རྒྱ་ནག་གི་ཕྲུ་གུ་དེ་དག་སུ་རེད་ཅེས་རྩོམ་ཡིག་ཅིག་སྤེལ། རྩོམ་ཡིག་དེའི་ནང་དུ་ཉམས་ཞིབ་པ་ཨ་ཡེ་ལེ་ཊི་ཤ་ཎི་ཞེས་པ་ཞིག་གིས་ང་སློབ་ཆེན་འགྲིམས་པའི་སྐབས་སུ་རྒྱ་ནག་གི་གྲོང་གསེབ་སྐོར་གྱི་སློབ་ཚན་ཞིག་བླངས་པ་ཡིན། དེ་ནི་ངས་ཐེངས་དང་པོར་རྒྱ་ནག་ལ་གནས་ཚུལ་འདི་འདྲ་ཞིག་འབྱུང་གི་ཡོད་པ་ཤེས་རྟོགས་བྱུང་། ང་དམག་ཁྲལ་བརྒྱུགས་པའི་རྗེས་སུ་རྒྱ་ནག་ལ་ཕྱིན་ནས་རྒྱ་ཡིག་སྦྱངས་ཏེ་ཤར་ཨེ་ཤི་ཡའི་ཞིབ་འཇུག་སློབ་སྦྱོང་མཇུག་བསྐྱངས་པ་ཡིན། ང་རྒྱ་ནག་ཏུ་ལོ་གཅིག་ལ་མ་གཏོགས་འདུག་འཆར་མེད་ཀྱང་ལོ་གཉིས་བསྡད་པ་ཡིན། ཕ་མ་ཐག་རིང་ལ་ལས་ཀར་སོང་བ་དང་ཕྲུ་གུ་རྣམས་ཤུལ་དུ་གཉེན་ཉེ་སོགས་ལ་བཅོལ་ནས་འཇོག་གི་ཡོད་པ་དེར་ཞིབ་འཇུག་བྱ་འདོད་སྐྱེས་བྱུང་། ང་ཚོས་གྲངས་ཀ་ཏག་ཏག་ཅིག་བཤད་མི་ཐུབ་ཀྱང་རྒྱ་ནག་གི་ཁྱིམ་ཚང་བྱེ་བ་༦་ལྷག་གི་ཕ་མ་ཚོ་གྲོང་ཁྱེར་ཁག་ཏུ་ལས་ཀར་འགྲོ་བཞིན་ཡོད་པ་རེད་ཅེས་གོ་རྒྱུ་འདུག ཕ་མ་ཚོ་ཡང་ཁྱིམ་ཚང་གི་ཆེད་དུ་ཐག་རིང་ལ་ལས་ཀར་སྐྱོད་ཀྱི་ཡོད་པ་དང་ལོ་རེའི་རྒྱ་ནག་གི་ལོ་སར་དུས་སུ་ཁྱིམ་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པར་མ་ཟད། ཕ་མ་ཚོས་ཕྲུ་གུར་བདག་པོ་མ་བརྒྱབ་པར་གཡུག་བཞག་པ་ཞིག་མིན་པ་ང་ཚོས་ཤེས་གལ་ཆེ། འདི་ནི་ཕ་མ་ཚོས་རང་གི་བུ་ཕྲུག་ལ་མདུན་ལམ་བཟང་པོ་ཞིག་བསྐྲུན་རྒྱུའི་ཐབས་ལམ་འབའ་ཞིག་རེད། ཕ་མ་ཚོས་རང་ཉིད་བློས་བཏང་སྟེ་དཀའ་ལས་བརྒྱབ་ནས་བུ་ཕྲུག་ཚོ་སློབ་ཆེན་ལ་གཏོང་ཐབས་བྱེད་ཀྱི་འདུག རྒྱ་ནག་གི་ཕ་མ་ཚོའི་མི་ཚེ་ནི་དཀའ་ངལ་ཆེ་བའི་མི་ཚེ་ཞིག་རེད་ཅེས་བཤད།།

ཉམས་ཞིབ་པ་ཨ་ཡེ་ལེ་ཊི་ཤ་ཎིས་རྒྱ་ནག་གི་གྲོང་གསེབ་ཁག་ཡར་རྒྱས་གང་འཚམ་ཞིག་ཕྱིན་ཡོད་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་ནི་འཛམ་གླིང་གི་མི་དམངས་དབུལ་ཕྱུག་གཉིས་དོ་མཉམ་མེད་ས་ཆེས་སྡུག་ཤོས་དེ་རེད། རྒྱ་ནག་གི་གྲོང་ཁྱེར་ཁག་གི་སྤྱི་དམངས་དང་གྲོང་གསེབ་ཁག་ནས་ངལ་རྩོལ་རྒྱུག་ཏུ་ཡོང་བ་རྣམས་འཇིག་རྟེན་མ་འདྲ་བ་གཉིས་ཀྱི་ནང་དུ་འཚོ་གནས་བྱེད་ཀྱི་འདུག རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཡུལ་མི་ཚོར་ས་ཞིང་འབའ་ཞིག་ལས་མེད་ཀྱང་གྲོང་ཁྱེར་ཁག་ཏུ་བཟོ་གྲྭ་དང་ཚོང་ཁང་། ཟ་ཁང་དང་མཛེས་བཟོ་ཁང་། ཚོང་ལས་སོགས་ཀྱི་གོ་སྐབས་མཆིས་སོ་ཅོག་དང་རྒྱས་སྤྲོས་ཀྱི་མཐུན་རྐྱེན་མ་ཚང་བ་གཅིག་ཀྱང་མི་འདུག ངས་ཐོག་མར་བྱིས་པ་དེའི་རྒྱབ་ལྗོངས་དང་སློབ་སྦྱོང་། ཕ་མ་ལས་ཀར་འགྲོ་དོན་དང་ཕ་མའི་དཀའ་ངལ། ཕྲུ་གུ་དང་ཕ་མའི་འབྲེལ་བ་སོགས་ལ་སྐད་ཆ་དྲིས་ནས་རྒྱུས་ལོན་བྱེད་ཀྱི་ཡོད། དྲིས་ལན་ཕལ་ཆེ་བ་གཅིག་མཚུངས་ཡིན་རུང་སྐབས་འགར་ཐུན་མོང་མ་ཡིན་པ་དེ་འདྲ་ཡང་འབྱུང་གི་འདུག དཔེར་ན་ངས་པར་བརྒྱབ་ཡོད་པའི་བུ་མོ་ཆུང་ཆུང་ལོ་༡༢་ཅན་འདི་ཚ་མོ་ལོ་༡༠་ཅན་ཞིག་དང་ཚ་བོ་ལོ་༨་ཅན་ཞིག་གི་མཉམ་དུ་བསྡད་འདུག ཕྲུ་གུ་དེ་ཚོར་གྲོང་གསེབ་དེའི་ནང་དུ་གཉེན་ཉེ་ཡོད་ཀྱང་ཕྲུ་གུ་ཚོ་ཁེར་རྐྱང་རེད། ཕྲུ་གུ་ཚོས་བཟའ་བཏུང་གཡོ་སྐོལ་བྱེད་དགོས་པ་དང་ཁྲང་ཁྲུས་རྒྱག་དགོས་པ། ཁོ་ཚོས་ཉོ་ཆ་རྒྱག་དགོས་པ་དང་ལོ་༡༠་ཅན་དེས་ལོ་༨་ལ་སོན་པ་དེར་ལྟ་རྟོག་བྱས་ནས་སློབ་གྲྭའི་རང་སྦྱོང་བྱེད་དུ་འཇུག་དགོས་པའི་ལས་འགན་ཁུར་གྱི་འདུག་ཅེས་བཀྲལ། ཨི་སི་རལ་ལྟ་བུའི་ཡར་ཐོན་གྱི་རྒྱལ་ཁབ་ཅིག་གི་མི་དམངས་ལ་མཚོན་ན་ཕ་མ་ཚོ་གྲོང་ཁྱེར་ཁག་ཏུ་ལས་ཀར་ཕྱིན་ཏེ་ཕྲུ་གུ་ཤུལ་དུ་འཇོག་རྒྱུ་བློ་ཡུལ་དུ་ཤོང་བ་ཞིག་མིན་མོད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་སུ་ཕ་མ་ཚོ་གྲོང་ཁྱེར་ཁག་ཏུ་ལས་ཀར་ཕྱིན་ཏེ་ཕྲུ་གུ་རྣམས་གྲོང་གསེབ་ཁག་ཏུ་གཅིག་པུར་ལུས་ཡོད་པ་ནི་རྒྱུན་ལྡན་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG