ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༢༡

ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་རྩོད་ལེན། 


༄༅།། ༢༠༡༩་ལོའིa་ཕྱི་ཟླ་༨་པའི་ཚེས་༥་ཉིན་རྒྱ་གར་གཞུང་གིས་ཀསྨིར་མངའ་སྡེའི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨི་དང་ལ་དྭགས་བཅས་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བགོས། ནང་པ་གྲངས་མང་ཡིན་པའི་གླེའི་ཕྱོགས་ཀྱི་ལ་དྭགས་པ་ཚོས་རྒྱ་གར་གཞུང་གི་ཐག་གཅོད་དེར་དགའ་བསུ་ཞུས། ཁོ་ཚོས་སྔ་མོ་ནས་རང་སྐྱོང་གི་ཐོབ་ཐང་བརྩད་པ་མངོན་དུ་འགྱུར་རྒྱུ་རེད་བསམས་ནས་དགའ་བ་སྒོམ། ཁ་ཆེ་གྲངས་མང་ཡིན་པའི་མཁར་དཀྱིལ་ཕྱོགས་ཀྱི་ལ་དྭགས་པ་ཚོས་རང་གི་མངའ་ཁུལ་དེ་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་རྒྱ་གར་གྲོས་ཚོགས་ནས་ལ་དྭགས་མི་དམངས་ཀྱི་མངོན་འདོད་ལ་རྒྱབ་འགལ་བྱས་སོང་ཞེས་སྐྱོན་བཙུགས། ད་ལྟ་ལོ་གསུམ་གྱི་རྗེས་སུ་ལ་དྭགས་པ་རྣམས་གོ་རྟོགས་སད། ཁོ་ཚོས་རང་གི་ས་གནས་དེའི་འབྱུང་འགྱུར་ལ་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཌིབ་ལོ་མེ་ཊི་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་པ་ཚོས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོབ་སྟེ་འཛུགས་སྐྲུན་ཡར་རྒྱས་དང་ས་གནས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་འགན་ལེན་ཐོབ་རྒྱུའི་རེ་ལྟོས་བཅངས་པ་རྣམས་མ་གྲུབ། མཁར་དཀྱིལ་རྫོང་གི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ཨ་སི་གྷར་ཨ་ལི་ཞེས་པ་ཞིག་གིས་ལ་དྭགས་པ་ཚོས་ཡུན་རིང་མ་འགོར་བར་རྒྱ་གར་དབུས་གཞུང་གིས་འཛུགས་སྐྲུན་དང་ལས་ཀའི་གོ་སྐབས་བསྐྲུན་རྒྱུའི་ཁས་ལེན་བྱས་པ་རྣམས་བསྒྲུབ་རྒྱུ་མིན་པ་ཤེས་རྟོགས་བྱུང་སོང་ཞེས་བཤད། དེ་བཞིན་ལ་དྭགས་ཀྱི་རྒྱལ་ས་གླེའི་ཚོང་པ་ཚོས་ཀྱང་དབུས་གཞུང་གིས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་ཏེ་ང་ཚོར་མགོ་སྐོར་བཏང་སོང་། ང་ཚོས་རེ་ལྟོས་བཅངས་པ་དེའི་ལྡོག་ཕྱོགས་ཤིག་བྱུང་སྟེ་ང་ཚོའི་འཐུས་མི་མེད་པར་གྱུར། ད་ལྟ་ང་ཚོས་རང་གི་དཀའ་སྡུག་རྣམས་སུ་ལ་ཞུ་དགོས་པའང་ཤེས་ཀྱི་མི་འདུག་ཅེས་སྡུག་སྐད་བརྒྱབ།།

ལ་དྭགས་པ་ཚོས་རང་གི་ས་གནས་དེ་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་དགོས་ཟེར་བ་ནི་ལ་དྭགས་ལ་གྲོས་ཚོགས་ཡོད་པ་དང་མི་དམངས་ཀྱི་འཐུས་མི་ཡོད་པའི་ཐོབ་ཐང་བརྩད་པ་ཡིན། དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་སྤྲད་པའི་རྗེས་སུ་ལ་དྭགས་ལ་འཐུས་མི་འདུག དེར་བརྟེན་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ས་གནས་དེར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་གླེང་སློང་། ཁོ་ཚོས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱ་རྒྱུ་མགོ་བརྩམས་པ་ཡིན་ཞེས་བསྒྲགས། མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ས་ཇ་དཱ་མཁར་དཀྱིལ་བ་ཞེས་པ་ཞིག་གིས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་གྱུར་ནས་ལོ་གཅིག་གི་རྗེས་སུ་གླེ་དང་མཁར་དཀྱིལ་གྱི་ལ་དྭགས་པ་ཚོས་དབུས་གཞུང་ལ་དགོས་འདུན་༤་བཏོན་ཡོད། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས། ལོ་དྭགས་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་འོག་ཏུ་ཚུད་དགོས། ལ་དྭགས་ལ་གླེ་དང་མཁར་དཀྱིལ་བཅས་ས་གནས་ཆེན་པོ་གཉིས་ཡོད་པ་དེའི་འཐུས་མི་འདུས་པའི་མངའ་སྡེའི་གྲོས་ཚོགས་འཛུགས་དགོས། ལ་དྭགས་ཀྱི་ན་གཞོན་ལས་མེད་ཚོར་ལས་ཀ་བཀོད་སྒྲིག་དང་ལས་ཀའི་གོ་སྐབས་ཟུར་འཇོག ལ་དྭགས་པ་ཚོར་ལས་བྱེད་པའི་ཐོབ་ཐང་སྤྲོད་དགོས། ཨ་སམ་དང་མེ་གྷ་ལ་ཡ། ཊི་རི་པུ་ར། མི་ཛོ་རམ་མངའ་སྡེ་ཁག་གི་ཚོ་ཤོག་རྣམས་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་འོག་དུ་འདུས་འདུག ལ་དྭགས་པ་བརྒྱ་ཆ་༩༧་ཙམ་ཚོ་ཤོག་གི་ཡུལ་སྡེའི་ཁོངས་སུ་འདུ་བས་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་པར་མ་ཟད། གོང་དུ་བགྲངས་པའི་མངའ་སྡེ་༤་ལ་ཐོབ་ཐང་ཡོད་པ་ལྟར་ལ་དྭགས་ལའང་རང་གི་གཞུང་གཅེས་འཛིན་དང་གྲོས་ཚོགས་གསར་འཛུགས། ཁྲིམས་ཁང་དང་ནོར་སྲིད་ལྷན་ཁང་སོགས་འཛུགས་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཞེས་གསལ་བསྒྲགས་སྤེལ།།

ཉེ་ཆར་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གིས་ཚོགས་ཆུང་ཞིག་བཙུགས་ནས་ལ་དྭགས་ཀྱི་དཀའ་ངལ་སེལ་ཐབས་བྱས་ཀྱང་ཟླ་བ་གཅིག་གི་རྗེས་སུ་གླེའི་མཐུན་ཚོགས་དང་མཁར་དཀྱིལ་གྱི་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་འཐུས་མི་རྣམས་ནང་སྲིད་ལྷན་ཁང་གི་ཚོགས་ཆུང་ཁོངས་སུ་མ་ཞུགས། ཨ་སི་གྷར་ཨ་ལིས་ང་ཚོས་བཏོན་པའི་དགོས་འདུན་དོན་ཚན་༤་རྒྱ་གར་གཞུང་གིས་གྲོས་གཞིའི་ཁོངས་སུ་འཇུག་གི་མི་འདུག དེ་ནས་ང་ཚོ་ཚོགས་ཆུང་ཁོངས་ནས་ཕྱིར་འཐེན་བྱས་པ་ཡིན། ཐོག་མར་ཚོགས་ཆུང་གིས་ང་ཚོའི་དགོས་འདུན་ཁག་ལ་གྲོས་སྡུར་བྱེད་ཆོག་ཅེས་ཁས་བླངས་ཀྱང་གྲོས་གཞིའི་ཁོངས་སུ་མི་འདུག ང་ཚོ་ངོ་རྒོལ་བྱས་ནས་འདུག་ཐབས་མེད་པ་དང་གནད་དོན་ལ་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས། ལ་དྭགས་པ་ཚོས་བཏོན་པའི་དོན་དམ་གྱི་དགོས་འདུན་ཁག་ཟུར་དུ་ཕུད་ཀྱི་འདུག་ཅེས་བསྟན། ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་ལ་དྭགས་པ་ཚོས་ཇམ་མུ་ས་གནས་སུ་ངོ་རྒོལ་ལས་འགུལ་སྤེལ། དེ་ནི་ལ་དྭགས་ཀྱི་ཆོས་ལུགས་མ་འདྲ་བ་དང་སྲིད་དོན་ཚོགས་པ་མ་འདྲ་བ་ཚང་མ་མཉམ་དུ་འདུས་ནས་ངོ་རྒོལ་ལས་འགུལ་སྤེལ་བ་ཐེངས་དང་པོ་ཡིན་ཞིང་། ཕྱི་ཟླ་༢་པའི་ཚེས་༡༥་ནས་ལ་དྭགས་པ་ཚོས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཐག་བཅད། གླེའི་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་ཇོ་ར་ངག་དབང་རིག་འཛིན་གྱིས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་བའི་རྗེས་སུ་འོས་འདེམས་ཀྱི་ཐོབ་ཐང་མེད་པར་བཏང་སོང་། རི་གྲོང་ལྷན་ཁང་གི་རང་སྐྱོང་དབང་ཚད་རྣམས་དབུས་ཐད་སྐྱོང་ལྷན་ཁང་གིས་བླངས་སོང་ཞེས་བཀྲལ།

ཟླ་བ་སྔོན་མར་ལ་དྭགས་ཀྱི་ཚན་རིག་པ་དང་གསར་གཏོད་པ། ཤེས་ཡོན་སློབ་གསོ་བ་གྲགས་ཅན་བསོད་ནམས་དབང་ཕྱུག་གིས་ཉིན་ལྔར་མཁར་རྫོང་ལར་ཟད་བཅད་ངོ་རྒོལ་བྱས་ནས་རྒྱ་གར་གཞུང་གིས་ལ་དྭགས་མི་དམངས་ཀྱི་དགོས་འདུན་བསྒྲུབ་དགོས་ཞེས་རེ་བ་བཏོན། ༢༠༡༩་ལོར་སྲིད་བློན་མོ་དྷིའི་གཞུང་གིས་ལ་དྭགས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་བར་བསོད་ནམས་དབང་ཕྱུག་གིས་དགའ་བསུ་ཞུས། ཁོང་གིས་ཕྱི་ཟླ་དང་པའི་ཚེས་༣༡་ཉིན་བརྙན་ཐུང་ཞིག་བཀྲམ་ནས་དེ་རིང་ངས་བློ་ཕམ་གྱི་ངང་དུ་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཚབ་ཏུ་ཀསྨིར་གྱི་ཁོངས་སུ་བསྡད་དགེ་མཚན་ཆེ་བ་ཡོད་པ་བཤད་འདོད་བྱུང་སོང་ཞེས་བརྙན་ཐུང་དེ་དྲྭ་ལམ་དུ་བཀྲམ། ལ་དྭགས་མི་དམངས་ཀྱིས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་པ་ཚོར་རང་གི་གྲོས་ཚོགས་ཡོད་པ་དང་ལ་དྭགས་ཀྱི་ལས་དོན་རྣམས་ལ་དྭགས་པ་ཚོས་ཐག་གཅོད་བྱེད་ཐུབ་པའི་དབང་ཚད་ཡོད་པ་ཞིག་བསམས་པ་ཡིན། རྒྱ་གར་གཞུང་གིས་ལ་དྭགས་པའི་ལས་ཀའི་གོ་སྐབས་བརྟན་པོ་མེད་པ་དང་རིག་གཞུང་། སྐད་ཡིག་དང་ལ་དྭགས་པའི་ངོ་བོར་སྲུང་སྐྱོབ་མེད་པ་ཞིག་ཏུ་སྒྱུར་གྱི་འདུག འདས་པའི་ལོ་གསུམ་རིང་ལས་ཀའི་གོ་སྐབས་ཡོད་ཅེས་བརྡ་ཐོ་གཅིག་ཀྱང་བཀྲམ་མེད་ཅིང་། རྒྱ་གར་གཞུང་གིས་མི་༡༢༠༠༠་ལ་ལས་ཀའི་གོ་སྐབས་ཁས་ལེན་བྱས་ཀྱང་མི་༤༠༠་ལ་མ་གཏོགས་ལས་ཀ་མ་ཐོབ། ལ་དྭགས་ཀྱི་ན་གཞོན་ཤེས་ཡོན་ཅན་ཕལ་མོ་ཆེ་ལས་མེད་རེད། ལ་དྭགས་ཀྱི་སྐྱེ་ཁམས་ཧ་ཅང་གཏོར་བཤིག་འཕོག་སླ། རྒྱ་གར་བྱང་ཕྱོགས་ཀྱི་འཐུང་ཆུའི་འབྱུང་ཁུངས་ནི་ལ་དྭགས་ཀྱི་འཁྱག་རོམ་ཁག་ལ་ཐུག་ཡོད། ལ་དྭགས་ལ་བཟོ་ཚོང་ལས་ཁུངས་ཆེ་ཁག་བཙུགས་ནས་སྐྱེ་ཁམས་འབག་བཙོག་བྱེད་མི་ཉན་ཞེས་ནན་བརྗོད་བྱས་འདུག

འཇིག་རྟེན་ཧྲིལ་པོར་སའི་གོ་ལའི་གནམ་གཤིས་ཇེ་དྲོར་སོང་སྟེ་འཛམ་གླིང་ཡུལ་གྲུ་གང་སའི་གངས་རི་དང་འཁྱག་རོམ་རྣམས་ཞུ་ཡི་ཡོད་པ་ལྟར་ལ་དྭགས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་འགོ་ཚུགས། ༢༠༢༡་ལོར་ཀསྨིར་སློབ་གྲྭ་ཆེན་མོའི་ཞིབ་འཇུག་བྱས་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་༣་གྱི་རིང་དེར་ལ་དྭགས་ཀྱི་འཁྱག་རོམ་རྣམས་ཞུ་ནས་སྤང་གོང་མཚོ་བརྒྱ་ཆ་༦་དང་གྲངས་ཆུང་༧་བྲི། ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་དང་བཟོ་གྲྭ་ཆེན་པོ་འཛུགས་མི་ཆོག་པའི་ཁྲིམས་ཤིག་མེད་ཚེ། ལ་དྭགས་ཀྱི་འཁྱག་རོམ་རྣམས་མྱུར་དུ་ཞུ་རྒྱུ་རེད་ཅེས་སྨྲས། རྒྱ་གར་དབུས་གཞུང་གི་ལས་སྣེ་ཚོས་ལ་དྭགས་ཕྱོགས་སུ་དགུན་གྱི་དུས་ཡུན་རིང་བ་དང་ས་བབ་མཐོ་བ། འཛུགས་སྐྲུན་ཆེ་ཁག་རྣམས་འཕྲལ་དུ་ལག་ལེན་བསྟར་དཀའ། ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་སྤྲད་ནས་ཁེ་ཕན་ཐོབ་རྒྱུ་ཡོད་པ་རྣམས་དངོས་སུ་མཐོང་བར་དུས་ཚོད་འགོར་ཤས་ཆེ། ཐོག་མའི་ལོ་འགའ་ཤས་ལ་རྔོ་ཐོགས་པའི་གྲུབ་འབྲས་ཤིག་སྨིན་ཐུབ་རྒྱུ་ཁག་པོ་རེད་ཅེས་ལན་བཏབ། ལ་དྭགས་པའི་ཁ་ཆེ་ཁན་ཞེས་པ་ཞིག་གིས་སྐྱེ་ཁམས་སྲུང་སྐྱོབ་ཐོག་ཏུ་ང་ཚོ་ས་གནས་འདིའི་མི་ཡིན་པས་ང་ཚོས་རང་གི་ཁོར་ཡུལ་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་ཡག་པོ་ཤེས་ཀྱི་ཡོད། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་འཛུགས་སྐྲུན་སོགས་ལ་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་ཀྱང་ས་གནས་མི་དམངས་ཀྱི་འཚོ་བོར་དོ་ཕོག་འགྲོ་མིན་བསམ་ཞིབ་བྱ་གལ་ཆེ། དབུས་གཞུང་གིས་དཔོན་པོ་ཚོས་ས་གནས་ཀྱི་དགོས་མཁོར་འཚམས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་མི་ཐུབ། ལ་དྭགས་མི་དམངས་ལ་སྲིད་ཇུས་ཐག་གཅོད་བྱེད་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG