ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ལ་དྭགས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གི་འཁྲུག་རྩོད་འབྱུང་ཉེན། 


༄༅།། རྒྱ་ནག་གིས་བོད་ཀྱི་ས་ཐོག་ཏུ་དམག་དོན་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱ་དཀར་ནག་གཉིས་ཧིན་བོད་ས་མཚམས་སུ་འཁྲུག་རྩོད་འབྱུང་རྒྱུའི་ཉེན་ཁ་ཇེ་ཆེ་ཡིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཀྱི་ཉེན་རྟོག་པའི་འགོ་ཁྲིད་ཚོའི་ཚོགས་འདུ་གལ་ཆེན་ཞིག་ཚོགས་ཏེ་ལ་དྭགས་ཀྱི་ཉེན་རྟོག་པ་ཚོས་རང་གི་མངའ་ཁུལ་དེའི་བདེ་འཇགས་བསྐྱར་ཞིབ་ཀྱི་སྙན་ཐོ་བཏོན། ཕྱི་ཟླ་དང་པོའི་ཚེས་༢༠་ནས་༢༢་བར་དུ་ཚོགས་པའི་རྒྱ་གར་གྱི་ཉེན་རྟོག་པའི་ཚོགས་འདུའི་ཐོག་ཏུ་སྙན་ཐོ་གསར་པ་དེ་བཀྲམ། སྙན་ཐོ་དེ་ནི་ལ་དྭགས་ཀྱི་ཉེན་རྟོག་པ་ཚོས་ལོ་མང་རིང་རྒྱ་དཀར་ནག་གི་དམག་དཔུང་རྣམས་ཧིན་བོད་ས་མཚམས་སུ་གདོང་ཐུག་འབྱུང་གྲབས་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་ས་མཚམས་སུ་བསྐྱོད་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱས་པར་གཞི་བཅོལ་ནས་ཕྱོགས་སྒྲིག་བྱས་པའི་སྙན་ཐོ་ཞིག་ཡིན་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རྒྱ་གར་གྱི་དམག་དང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གཉིས་ཀར་སྙན་ཐོ་དེའི་ཞིབ་ཕྲའི་གནས་ཚུལ་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་། ལ་དྭགས་ཀྱི་བདེ་འཇགས་བསྐྱར་ཞིབ་ཀྱི་ཚོགས་འདུ་དེར་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱ། རྒྱལ་སྲུང་སློབ་སྟོན་པ་ཨ་ཇ་དྷོ་ཝོལ་སོགས་མཐོ་རིམ་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་ཡོད་པར་བལྟས་ཚེ། ཚོགས་འདུ་དེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན་པ་མཚོན་ཐུབ། རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་དང་རྒྱལ་ནང་གི་གནོན་ཤུགས་བཅས་ཀྱིས་རྒྱ་དམག་ནས་མུ་མཐུད་དུ་བོད་ཀྱི་ས་ཐོག་ཏུ་དམག་དོན་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་རྒྱ་བསྐྱེད་དེ་འཁྲུག་རྩོད་སློང་རྒྱུ་ཇེ་མང་དུ་འགྲོ་ཉེན་ཆེ། ༢༠༡༢་དང་༢༠༡༤་ཡས་མས་ཤིག་ནས་ལོ་གཉིས་གསུམ་རེའི་བར་མཚམས་བཞག་ནས་རྒྱ་ནག་གིས་འཁྲུག་རྩོད་སློང་རྒྱུ་ཇེ་མང་དུ་ཕྱིན་སོང་། རྒྱ་ནག་གི་མེ་སྒྱོགས་དཔུང་སྡེའི་སྟོབས་ཤུགས་རྒྱ་སྐྱེད་དང་སྐམ་དམག་སྐུལ་སློང་། རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་ཉམས་ཚོད་ལེན་རྒྱུ་ཤུགས་ཇེ་ཆེ་རེད་ཅེས་བསྟན།།

ཕྱི་ཟླ་དང་པོའི་ཚེས་༢༥་ཉིན་ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ཤར་ཕྱོགས་སུ་སྐོར་གཡེང་ས་ཚིགས་༦༥་ཡོད་པ་དེའི་ས་ཚིགས་༢༦་ལ་རྒྱ་གར་གྱི་དམག་གིས་སྐོར་གཡེང་བྱེད་མི་ཐུབ་པར་གྱུར། ལ་དྭགས་ཕྱོགས་སུ་ཧིན་བོད་གཉིས་ལ་ས་མཚམས་སྤྱི་ལེ་༣༦༠༠་ལྷག་ཡོད་པ་དེའི་ཁུལ་དུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་འབྱུང་རྒྱུའི་ཉེན་ཁ་ལོ་རེ་བཞིན་ཇེ་ཆེ་རེད་ཅེས་བསྒྲགས། ལ་དྭགས་ཀྱི་ཉེན་རྟོག་སྤྱི་ཁྱབ་ཎི་ཏི་ཡས་སྐོར་གཡེང་ས་ཚིགས་༦༥་ཡོད་པ་དེ་རྣམས་ཀ་ར་ཀོ་རམ་ལ་ནས་ཆུ་དམར་བར་དུ་ཡོད་ཅིང་། སྔོན་ཆད་རྒྱ་གར་གྱི་བདེ་འཇགས་མི་སྣས་ས་ཚིགས་དེ་ཚོར་སྐོར་གཡེང་བྱེད་ཀྱི་ཡོད། དེང་སྐབས་སྐོར་གཡེང་ས་ཚིག་༥་པ་ནས་༡༧་པ་དང་༢༤་ནས་༣༢་པ། ས་ཚིགས་༣༧་པ་བཅས་ལ་སྐོར་གཡེང་བྱ་རྒྱུ་བཀག་པའམ། ཡང་ན་རྒྱ་གར་གྱི་བདེ་འཇགས་མི་སྣས་སྐོར་གཡེང་བྱེད་ཀྱི་མེད་པ་རེད། མ་འོངས་པར་སྐོར་གཡེང་ས་ཚིགས་དེ་ཚོར་མི་མང་དཀྱུས་མ་དང་རྒྱ་གར་གྱི་བདེ་འཇགས་མི་སྣ་སོགས་གཅིག་ཀྱང་མེད་པའི་ས་སྟོང་དུ་ལུས། རྒྱ་ནག་གིས་ང་ཚོར་ས་ཚིགས་དེ་རྣམས་རྒྱ་གར་གྱི་བདེ་འཇགས་མི་སྣས་སྐོར་གཡེང་བྱེད་ཀྱི་མེད་པའི་ས་སྟོང་ཡིན་པ་ཁས་ལེན་དུ་བཅུག་སྟེ་ས་ཆ་འཆོར་རྒྱུའི་ཉེན་ཁ་འདུག རྒྱ་དམག་གིས་ས་ཆ་སོར་མོ་གང་རེ་བྱས་ནས་ཧམ་འཛིན་བྱ་རྒྱུའི་ཐབས་ཇུས་ཤིག་བསྟེན་གྱི་ཡོད་པ་རེད། རྒྱ་ནག་གི་ཐབས་ཇུས་དེ་གྷལ་ཝན་ལུང་གཤོངས་སུ་ལག་ལེན་བསྟར་ཏེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག་པ་ང་ཚོར་ཤེས་གསལ་ལོས་ཡིན། ང་ལ་དམག་མི་ཞིག་གིས་ང་ཚོ་མཱི་ཊར་༤༠༠་ཐམ་པར་ཕྱིར་འཐེན་བྱས་ནས་ལོ་༤་ལ་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་ན་དོན་སྙིང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་ཞི་བདེ་བསྐྲུན་ཐུབ་རྒྱུ་ཁག་པོ་ཡིན་པ་དང་རྒྱ་གར་གྱི་བར་གནས་ས་ཁུལ་ཞིག་འཇོག་གི་ཡོད་པར་ཕན་ཐོགས་མི་འདུག་ཅེས་གླེང་མོལ་བྱས་པ་རྣམས་ས་སྙོན་ཐོའི་ནང་དུ་འཁོད།།

རྒྱ་གར་གྱི་ཧིན་རྡུ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་མོ་དྷིའི་གཞུང་གིས་ལ་དྭགས་ཀྱི་བདེ་འཇགས་བསྐྱར་ཞིབ་སྙན་ཐོའི་ནང་དོན་ཞིབ་ཕྲ་ཕྱིར་བསྒྲགས་བྱས་མེད་ཀྱང་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་དམག་དཔུང་ཕྱིར་འཐེན་བྱས་པའི་ཤུལ་ནས་ས་ཆ་ཤོར་མེད་ཅེས་ནན་བརྗོད་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཞིག་གིས་སྐོར་གཡེང་ས་ཚིགས་ཁག་ཅིག་ལ་རྒྱ་དཀར་ནག་གཉིས་ཀས་སྐོར་གཡེང་བྱེད་ཀྱི་མེད། རྩོད་གཞི་དེ་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་དམག་དཔུང་ཕྱིར་འཐེན་བྱས་པའི་ཤུལ་དུ་པར་ཆས་མང་པོ་བཙུགས་ཡོད་པ་དང་ལ་དྭགས་ཀྱི་རྩ་ས་ཅི་ཡང་ཤོར་མེད། རྒྱ་དམག་གི་ཁ་གཏད་གཅོག་པར་རྒྱ་གར་གྱིས་སྐོར་གཡེང་བྱེད་ཀྱི་མེད་པའི་ས་ཚིགས་ཁག་ཏུ་པར་ཆས་དང་འཕྲུལ་རྩལ་གྱི་མཐུན་རྐྱེན་རྒྱ་ནག་ལས་མང་བ་བཙུགས་མེད་ཀྱང་ཉུང་བ་མིན། རྒྱ་གར་གྱི་དམག་གིས་ས་གནས་ཀྱི་དམངས་སྲིད་འཛིན་སྐྱོང་གི་ལས་སྣེ་ཚོར་མཉམ་འབྲེལ་གྱིས་ས་གནས་དེའི་འབྲོག་པ་དང་དེ་དག་གི་ཕྱུགས་ཟོག་འཚོ་སྐྱོང་བྱ་ཡུལ་བཀོད་སྒྲིག་བྱེད་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཀྲལ།།

༢༠༢༠་ལོར་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་ནས་བཟུང་། པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་སྟེ་དམག་འཁྲུག་གི་ཉེན་ཁ་ཆེན་པོ་བྱུང་། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་དང་ཕྱི་འབྲེལ་མི་སྣ་ཚོས་གྲོས་མོལ་ལན་མང་བྱས་ནས་སྤང་གོང་མཚོའི་ལྷོ་ཕྱོགས་དང་བྱང་ཕྱོགས། གོག་ར་ས་ཁུལ་བཅས་ནས་རྒྱ་དཀར་ནག་གི་དམག་དཔུང་ཕྱིར་འཐེན། ན་ནིང་ཕྱི་ཟླ་༩་པའི་ནང་དུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་སྐོར་གཡེང་ས་ཚིགས་༡༥་པ་སྟེ། གོག་ར་དང་ཆུ་ཚན་ཁུལ་ནས་ཕྱིར་འཐེན་བྱས་ཀྱང་ཕྱི་ཟླ་༡༢་པའི་ཚེས་༩་ཉིན་རྒྱ་དཀར་ནག་གི་དཔུང་ཁག་ཅིག་མོན་རྟ་ཕྱོགས་སུ་ལག་འཛིང་ཐུག་ཅིང་། ཧ་ཅང་སྟབས་ལེགས་པ་ཞིག་ལ་ཕྱོགས་གཉིས་ཀྱི་སུ་ལའང་སྲོག་སྐྱོན་མ་བྱུང་། ༢༠༢༠་ལོའི་འཁྲུག་རྩོད་རྗེས་སུ་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་རྒྱ་ལམ་དང་ཟམ་པ། དམག་སྒར་འཛུགས་སྐྲུན། འཕུར་མདེལ་དཔུང་སྡེ་དང་མེ་སྒྱོགས་རུ་ཁག ལྕགས་ཁྲབ་འཁོར་ལོའི་དཔུང་སྡེ་དང་འཐབ་འཁོར་དཔུང་སྡེ། གནམ་དམག་དང་སྐམ་དམག་གི་གྲངས་འབོར་མང་དུ་བཏང་སྟེ་ཕྱོགས་གཉིས་ཀས་ཉུང་མཐའ་ཡང་ཧིན་བོད་ས་མཚམས་སུ་དམག་མི་ཁྲི་ཚོ་༦་རེ་བཀྲམ་སྟེ་དགུན་གྱི་དུས་སུའང་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG