ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་ལ་འགྲིམ་འགྲུལ་བཀག་སྡོམ།


Donald Trump
Donald Trump

༄༅།། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་༢༦་གི་སྤྱི་དམངས་རྣམས་དུས་ཡུན་ཟླ་བ་གཅིག་ལ་ཨ་མི་རི་ཀར་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན། དབྱིན་ཇིའི་སྤྱི་དམངས་རྣམས་དང་ཨ་རིའི་སྤྱི་དམངས་རྣམས་འགྲིམ་འགྲུལ་བཀག་སྡོམ་ཁོངས་སུ་ཚུད་མེད། ཨ་མི་རི་ཀ་དང་ཡུ་རོབ་ཀྱི་ཚོང་ལས་ལའང་འགོག་རྐྱེན་མེད། ད་ལྟ་ཨ་མི་རི་ཀས་རྒྱ་ནག་དང་ལྷོ་ཀོ་རི་ཡ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་ལ་འགྲིམ་འགྲུལ་བཀག་ཡོད་པར་འབྲེལ་ཡོད་རྒྱལ་ཁབ་ཁག་དང་ས་གནས་སོ་སོར་ཏོག་དབྱིབས་རིམས་ནད་འཇོམས་ཀྱི་ཡོད་པའི་གནས་སྟངས་ལ་གཞིགས་ནས་འགྲིམ་འགྲུལ་བཀག་སྡོམ་བྱེད་ཡོད་པ་རྣམས་སྔ་ཙམ་ཕྱིར་འཐེན་བྱ་སྲིད་ཅེས་བསྒྲགས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནས་འཁོད་ཨ་རིའི་གཏན་སྡོད་པ་སྟེ། ཨ་མི་རི་ཀའི་ལག་འཁྱེར་ལྗང་ཁུ་འཛིན་མཁན་རྣམས་འགྲིམ་འགྲུལ་བཀག་སྡོམ་གྱི་གྲས་སུ་ཚུད་ཡོད་མེད་གསེད་བཀྲོལ་བྱས་མེད་ཀྱང་ལག་འཁྱེར་ལྗང་ཁུ་འཛིན་མཁན་རྣམས་ཀྱང་ཨ་རིའི་སྤྱི་དམངས་ལྟར་རང་ཡུལ་དུ་ཕྱིར་ལོག་བྱེད་ཆོག་གི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

ཕྱི་ལོ་༢༠༢༠་འདི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལོ་ཞིག་ཡིན་པ་དང་འདས་པའི་གཟའ་འཁོར་འགའ་ཞིག་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་པ་གནད་དོན་ཚབས་ཆེན་ཞིག་མིན་པའི་རྟུལ་ཞུགས་འཆང་བ། ལྷག་པར་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་གཙོ་གྲས་ཇཱོ་བྷ་ཌན་དང་བྷར་ཎི་སི་ཌན་གཉིས་ཀྱིས་མི་མང་གི་བདེ་ཐང་ཆེད་དུ་མི་ཚོགས་བསྡུས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་མཚམས་བཞག་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་སྤེལ་རྒྱུ་མཚམས་མ་བཞག་པ། ད་དུང་ཨ་རིའི་གཞུང་གིས་ཏོག་དབྱིབས་རིམས་ནད་འགོས་ཡོད་པར་དོགས་པ་ཡོད་པའི་མི་མང་པོ་ཞིག་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ། ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་སྟབས་ཀྱིས་འཛམ་གླིང་སྤྱི་དང་ཨ་མི་རི་ཀའི་མ་རྐང་ཁྲོམ་རར་ཉམས་ཆག་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་བརྟེན། མདང་དགོང་མཚན་མོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་རེ་ཞིག་ཨ་མི་རི་ཀར་ཡོང་མི་ཆོག་ཅེས་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་ཨ་མི་རི་ཀ་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་ངོས་ལེན་བྱས་འདུག

འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་རྗེས་སུ་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོས་འཕྲལ་དུ་ཡུ་རོབ་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་པ་ནི་ཐལ་ཆ་ཅན་གྱི་སྲིད་ཇུས་ཤིག་མིན། སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་དེའི་གདངས་ནས་ཐོན་པ་ཇི་བཞིན་ཨ་མི་རི་ཀ་ཛ་དྲག་གི་གནས་སུ་ལྷུང་མེད། ཉེ་ལམ་ཨ་མི་རི་ཀས་རྒྱ་ནག་ལ་འགྲིམ་འགྲུལ་བཀག་པའི་སྐབས་སུ་རྒྱ་ནག་ཏུ་ལུས་པའི་ཨ་མི་རི་ཀའི་སྤྱི་དམངས་ཁག་ཅིག་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་མ་བཅུག་པའི་ནོར་འཁྲུལ་བྱུང་འདུག ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནས་འཁོད་ཨ་རིའི་སྤྱི་དམངས་ཚོར་འགྲིམ་འགྲུལ་བཀག་སྡོམ་བྱས་མེད་ཅེས་བཀྲལ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་ལ་འགོག་རྐྱེན་མི་ཐེབས་པའི་ཆེད་དུ་ནུབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཚུར་རོལ་ཏུ་ཚོང་ལས་རྒྱ་ཆེན་པོ་ཞིག་གཉེར་བཞིན་ཡོད་པ་དང་དངོས་ཟོག་གཏོས་ཆེན་ཞིག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རྣམས་བཀག་མེད། ངས་ཡུ་རོབ་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་པ་ཡིན་ཟེར་པ་ནི་མིའི་འགྲོ་འོང་བཀག་པར་གོ་དགོས་ཞེས་བསྐྱར་དུ་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་གསལ་བཤད་བྱས་འདུག ཁ་སང་ཕྱི་ཚེས་༡༡་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་འདི་རྒྱལ་སྤྱིའི་རིམས་ནད་ཅིག་ལ་གྱུར་འདུག་ཅེས་བསྒྲགས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ཕྱི་རྒྱལ་གྱི་ནད་དུག་ཨ་མི་རི་ཀར་འགོས་ཁྱབ་བྱུང་བ་ཞིག་རེད་ཅེས་ལན་ཁག་དཀྲིས། ཨ་མི་རི་ཀའི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་མང་དག་ཅིག་རྒྱ་ནག་དང་ལྷོ་ཀོ་རི་ཡ། ཡུ་རོབ་དང་ཨི་རན་སོགས་རིམས་ནད་ཁྱབ་གདལ་ཚབས་ཆེན་འགྲོ་ཡུལ་ཁག་ལ་འགྲུལ་སྐྱོད་བྱས་མྱོང་མེད་ཅིང་། ཁོ་ཚོར་ཨ་རིའི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་འགོས་ནས་འདས་གྲོངས་སུ་གྱུར་པའམ། ཡང་ན་ནད་མནར་བྱུང་བ་ཞིག་ཡིན་རུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྒྱ་ནག་རེད། དེ་ནས་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྟེ་ཨ་མི་རི་ཀར་འགོས་ཁྱབ་བྱུང་བ་རེད་ཅེས་ཨུ་ཚུགས་མཐར་སྐྱེལ་དང་དོན་དངོས་ཁག་ཅིག་ལ་བསྙོན་གྱི་ཡོད་པ་རེད།

སྲིད་འཛིན་ཌོ་ནལ་ཊམ་གྱིས་གློ་བུར་དུ་ཡུ་རོབ་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་ཅེས་འགྲིམ་འགྲུལ་བཀག་པར་ཝ་ཤིང་ཊོན་དུ་བཅའ་སྡོད་ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་མང་དག་ཅིག་ཧ་ལས་ཡོད་པ་སྟེ། གཞུང་ཚབ་པ་དེ་དག་གིས་ང་ཚོར་ཨ་རིའི་གཞུང་གིས་སྔོན་བརྡ་སོགས་ཅི་ཡང་བཏང་མ་སོང་། ཨ་མི་རི་ཀའི་འགྲིམ་འགྲུལ་བཀག་པ་དེས་ཡུ་རོབ་རྒྱལ་ཁབ་ཁག་གི་མཁའ་ལམ་ལས་ཁང་ཁག་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་གི་ཚོང་ལས་ལ་གྱོང་གུད་ཆེན་པོ་ཞིག་ཐེབས་རྒྱུ་རེད། ང་ཚོས་ཀྱང་དཀའ་ངལ་འདི་སེལ་ཐབས་ལ་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་དགོས་མིན་བསམ་གཞིགས་བྱེད་ཀྱི་ཡོད་ཅེས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཀྱང་ཨ་མི་རི་ཀར་འགྲིམ་འགྲུལ་བཀག་ནས་ལན་པ་སློག་སྲིད་པའི་སྐད་ཆའི་གདངས་ཤིག་བཏང་འདུག ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྔོན་ནས་གྲོས་སྡུར་མ་བྱས་པར་འགྲིམ་འགྲུལ་བཀག་པ་ནི་འོས་འཚམས་ཤིག་མ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་ཆཀ་ཤུ་མར་སོགས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ལ་འགྲིམ་འགྲུལ་བཀག་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་མི་ཐུབ། ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་མི་རི་ཀའི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཞེས་ནན་བརྗོད་བྱས་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་ཇུས་དེར་སྐྱོན་བརྗོད་བྱེད་ཕོད་ཀྱི་མེད་པ་རེད།

མདང་དགོང་གི་གཏམ་བཤད་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་ཨ་རིའི་རྒྱལ་ནང་དུ་སྐྱོན་བརྗོད་ཤུགས་ཆེན་འཕོག་གི་ཡོད་པ་འགོག་ཐབས་སུ་མི་དམངས་སྒེར་པ་དང་བཟོ་ཚོང་ལས་ཁང་ཁག་ལ་དཔྱ་ཁྲལ་ཁག་ཅིག་གཅོག་དགོས། ང་ཚོས་ཆབ་སྲིད་ཀྱི་རྩོད་པ་དང་སྲིད་དོན་ཚོགས་པའི་འགལ་ཟླ་རྣམས་ཟུར་དུ་བཞག་སྟེ་རྒྱལ་ཁབ་གཅིག་དང་ཁྱིམ་ཚང་གཅིག་གི་འདུ་ཤེས་འཆང་ནས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱ་དགོས། ང་ཚོས་བྱམས་བརྩེའི་ཀུན་ནས་བསླངས་ཏེ་ལས་དོན་ཞིག་བསྒྲུབ་ན་ནད་པ་རྣམས་དྲག་ཏུ་འཇུག་ཐུབ་པ་དང་ཉམ་ཐག་ཚོར་ལྟ་སྐྱོང་བྱེད་ཐུབ། དཀའ་ངལ་འདིར་གདོང་ལེན་བྱེད་པར་ང་ཚོ་སྔར་ལས་ལྷག་པའི་སྟོབས་ཤུགས་རྒྱས་ཐུབ། ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་ཚོ་རང་ཁྱིམ་དུ་འདུག་དགོས་ཐུག་ཀྱང་གླ་ཕོགས་སྤྲོད་ཆོག ཨ་མི་རི་ཀ་བ་ཚོའི་གླ་ཕོགས་ཁོངས་ནས་དཔྱ་ཁྲལ་གཅོག་གི་ཡོད་པ་ཆག་ཡང་གཏོང་རྒྱུ་དེར་གྲོས་ཚོགས་ཀྱིས་ཆོག་མཆན་འགོད་དགོས་ཞེས་གྲོས་གཞི་བཏོན། གླ་ཕོགས་ཁོངས་ནས་དཔྱ་ཁྲལ་ཁག་ཅིག་གཅོག་དགོས་ཟེར་པ་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་མོས་མཐུན་མེད་ཅིང་། མི་མང་གི་སྐྱོན་བརྗོད་དང་གཞུང་འབྲེལ་མི་སྣ་ཚོའི་གནོན་ཤུགས་འོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱི་མཛད་རིམ་ཁག་ཅིག་ཕྱིར་འཐེན་བྱས་ནས་ཟླ་མཇུག་འདིར་མཱིལ་ཝ་ཀི་གྲོང་ཁྱེར་དུ་ཆབ་སྲིད་ཀྱི་འདུ་འཛོམས་ཆེན་པོ་ཞིག་གྲ་སྒྲིག་བྱས་ཡོད་པ་ཕྱིར་འཐེན་བྱས་འདུག ཕྱི་ཟླ་༣་པའི་ཚེས་༡༢་ཀྱི་མཚམས་སུ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཀྱིས་མི་༣༩་ལ་འཆི་སྐྱོན་དང་མི་༡༣༠༠་ལྷག་ལ་ནད་དུག་འགོས། ད་སྔར་འཛམ་གླིང་ཁྱོན་ཡོངས་སུ་མི་༡༡༨༠༠༠་ལྷག་ལ་ཏོག་དབྱིབས་རིམས་ནད་འགོས་པ་དང་མི་༤༠༠༠་ལྷག་ལ་འཆི་སྐྱོན། ད་ནི་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འཛམ་གླིང་རྒྱལ་ཁབ་༡༠༠་ལྷག་ལ་ཁྱབ་འདུག

XS
SM
MD
LG