ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༥/༠༤/༢༦
འཛམ་གླིང་།
ཨི་ཊི་ལིའི་མི་འབོར་ས་ཡ་༦༠་ལ་འགྲིམ་འགྲུལ་བཀག་སྡོམ།
༡༠།༠༣།༢༠༢༠
ཨི་ཊི་ལིའི་མི་འབོར་ས་ཡ་༦༠་ལ་འགྲིམ་འགྲུལ་བཀག་སྡོམ།
པར་འདེབས་པ།
༄༅།། ན་ནིང་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་མི་༤༠༠༠་ལྷག་ལ་འཆི་སྐྱོན་དང་༡༡༣༠༠༠་ཡས་མས་ཤིག་ལ་ནད་དུག་འགོས། མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་མང་ཆེ་བ་ནི་རྒྱ་ནག་ཏུ་བྱུང་ཡོད། འོན་ཀྱང་དེ་རིང་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཝུ་ཧན་གྲོང་ཁྱེར་ལ་གཟིགས་ཞིབ་ཏུ་བསྐྱོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་འཇོམས་ཀྱི་ཡོད་པའི་རྟགས་མཚན་ཞིག་མངོན། གཟའ་མིག་དམར་ཉིན་རྒྱ་ནག་ལ་ནད་པ་གསར་པ་༡༩་བྱུང་བ་དེའི་ནང་གི་མི་༡༧་ཝུ་ཧན་གྲོང་ཁྱེར་དུ་བྱུང་། མི་༢་ལ་ཕྱི་རྒྱལ་དུ་རིམས་ནད་འགོས་པ་དང་རྒྱ་ནག་རྒྱལ་ཡོངས་སུ་ནད པ་༦༠༠༠༠་ལྷག་ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ཁག་ནས་རང་ཁྱིམ་དུ་སློག འདས་པའི་ཉིན་དེར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༧་ལ་མ་གཏོགས་འཆི་སྐྱོན་བྱུང་མ་སོང་ཞེས་བསྒྲགས། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་གྲས་སུ་རྒྱ་ནག་མ་བརྩིས་པར་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་མོད། གཟའ་འཁོར་འདི་ནས་ལྷོ་ཀོ་རི་ཡ་ལའང་ཏོག་དབྱིབས་རིམས་ནད་ཀྱི་ངར་ཤུགས་ཆག་གི་ཡོད་པའི་རྟགས་མཚན་ཞིག་ཐོན། དཔེར་ན་ལྷོ་ཀོ་རི་ཡའི་གཞུང་གིས་མི་༡༩༠༠༠༠་ལྷག་ལ་སྨན་ཡོན་མ་བླངས་པར་ནད་དུག་འགོས་ཡོད་མེད་གཞུང་གིས་བརྟག་དཔྱད་བྱས་པ་དང་། ལྷོ་ཀོ་རི་ཡའི་རིམས་ནད་ཁྱབ་ཡུལ་གཙོ་བོ་ཏཱེ་གུ་གྲོང་ཁྱེར་ལ་འགྲིམ་འགྲུལ་བཀག་ནས་རིམས་ནད་སྔོན་འགོག་བྱས་པར་ནུས་པ་ཐོན་ཡོད་པ་སྟེ། ད་ལྟའི་བར་དུ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༧༥༡༢་བྱུང་བ་དེའི་ཁོངས་ནས་མི་༢༤༧་དྲག་སྐྱེད་བྱུང་། ད་སྔ་ཕན་ཆད་ལ་མི་༥༤་ལ་མ་གཏོགས་འཆི་སྐྱོན་བྱུང་མེད།
ད་ལྟ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་གཙོ་བོ་དང་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་ནི་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་ཡིན་པ་སྟེ། ཁ་སང་གཟའ་ཟླ་བའི་ཕྱི་དྲོར་སྲིད་བློན་ཀོན་ཐེས་ཕྱི་ཟླ་༤་པའི་ཚེས་མགོ་བར་དུ་ཨི་ཊི་ལི་རྒྱལ་ཡོངས་སུ་སློབ་གྲྭ་ཁག་སྒོ་བརྒྱབ་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་སྡོམ། མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པ་དང་ཚོང་ལས་ཁག་སྒོ་རྒྱག་དགོས། ཨི་ཊི་ལིའི་མི་འབོར་ས་ཡ་༦༠་རང་ཁྱིམ་དུ་འཛུལ་དགོས་པ་དང་ཨི་ཊི་ལིའི་ས་གནས་གཅིག་ནས་ས་གནས་གཞན་ཞིག་ལ་འགྲོ་སྐྱོད་བྱ་དགོས་ན་རང་གི་འབྲེལ་ཡོད་ས་གནས་ཁག་གི་ཉེན་རྟོག་ལས་ཁང་ནས་ཆོག་མཆན་འཐོབ་དགོས་པ་སོགས་རིམས་ནད་སྔོན་འགོག་གི་ཛ་དྲག་སྲིད་ཇུས་ཤིག་ལག་ལེན་བསྟར་འགོ་ཚུགས། ཨི་ཊི་ལི་རྒྱལ་ཡོངས་སུ་དམག་གི་ཉེན་རྟོག་པ་དང་མེ་འཁོར་ལྕགས་ལམ་ཉེན་རྟོག་པ། འཕྲོད་བསྟེན་ལས་སྣེ་སོགས་ཀྱིས་རྒྱ་ལམ་དང་མེ་འཁོར་འབབ་ཚུགས་རྣམས་བཀག འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨི་ཊི་ལིའི་གཞུང་གིས་ལག་ལེན་བསྟར་མྱོང་མེད་པའི་སྲིད་ཇུས་ཤིག་ཡིན། ད་ལྟའི་བར་དུ་ཨི་ཊི་ལིའི་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༤༦༣་ལ་འཆི་སྐྱོན་དང་མི་༩༡༧༢་ལ་ནད་དུག་འགོས་འདུག
དེ་རིང་གཟའ་མིག་དམར་གྱི་མཚམས་སུ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་པའི་མི་༧༣༢་བྱུང་ཡོད་པ་དང་མི་༢༦་ལ་འཆི་སྐྱོན། ད་ལྟ་ཨ་མི་རི་ཀའི་མངའ་སྡེ་༣༦་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཟིན། ད་སྔ་ཉུར་མཐར་ཡང་ཨ་མི་རི་ཀའི་མངའ་སྡེ་༡༠་ཐམ་པས་ཛ་དྲག་གི་གནས་སུ་ལྷུང་ཡོད་ཅེས་ཁྱབ་བསྒྲགས་བྱས་ནས་ཛ་དྲག་གི་འགྲོ་གྲོན་གཏོང་ཆོག་པ་དང་ཛ་དྲག་དུས་སུ་ལག་ལེན་བསྟར་ཆོག་པའི་ཁྲིམས་རྣམས་ལག་ལེན་བསྟར་འགོ་ཚུགས་འདུག ཨ་རིའི་མངའ་སྡེ་ཁག་གི་གྲས་ཀྱི་ཏོག་དབྱིབས་རིམས་ནད་ཁྱབ་པའི་ནད་པ་མང་ཤོས་ནི་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་དང་ཁེ་ལི་ཧྥོར་ཎི་ཡ། ཨ་རིའི་བྱང་ཤར་ཕྱོགས་སུ་ཆགས་པའི་ནེའུ་ཡོཀ་མངའ་སྡེ་བཅས་ཡིན་ཞིང་། ཀོ་ལིམ་བྷི་ཡ་དང་ནེའུ་ཡོཀ་སློབ་ཆེན། སི་ཊན་ཧྥོར་ཌི་དང་ཁེ་ལི་ཧྥོར་ཎི་ཡའི་ལྷོ་ཕྱོགས་སློབ་ཆེན་སོགས་ཨ་མི་རི་ཀའི་སློབ་ཆེན་ཁག་ཅིག་གིས་ཀྱང་སློབ་ཕྲུག་དང་དགེ་རྒན་རྣམས་འཛིན་གྲྭར་མཉམ་དུ་ཚོགས་ནས་སློབ་ཁྲིད་ཀྱི་ཚབ་ཏུ་དྲྭ་ལམ་དུ་སློབ་ཁྲིད་བྱ་རྒྱུ་མགོ་བརྩམས། ཉེ་ཆར་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་པའི་མི་ཞིག་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་ལ་ཞུགས། མི་དེ་ཨ་རིའི་གྲོས་ཚོགས་འཐུས་མི་༦་ལ་ཐུག་འཕྲད་བྱུང་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་༦་གིས་རང་མོས་ཀྱིས་སོ་སོ་ལོགས་སུ་བཀག་ནས་རིམས་ནད་སྔོན་འགོག་གི་ལས་ཐབས་བསྟེན་གྱི་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་འཐུས་མི་དེ་དག་གི་གྲས་ཀྱི་གཅིག་ལ་ལག་པ་བཏང་བ་དང་མཉམ་དུ་འགྲིམ་འགྲུལ་བྱས་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་ལའང་རིམས་ནད་འགོས་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།
ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་ཤིན་ཛོ་ཨ་བྷེར་དབང་ཚད་སྤྲད་ནས་ཏོག་དབྱིབས་རིམས་ནད་འགོག་པར་ཛ་དྲག་གི་འགྲོ་གྲོན་གཏོང་ཆོག་པ་དང་ཛ་དྲག་གི་ཁྲིམས་རྣམས་ལག་ལེན་བསྟར་ཆོག་པའི་ཁྲིམས་གཞི་ཞིག་ལ་ཆོག་མཆན་བཀོད། ད་ལོའི་ཕྱི་ཟླ་༧་པའི་ཚེས་༢༤་ནས་ཉི་ཧོང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པས་ཉི་ཧོང་གཞུང་གིས་གཞན་དང་མ་འདྲ་བར་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་ནད་པ་ཚོར་སྨན་བཅོས་བྱས་ནས་དྲག་སྐྱེད་འབྱུང་དུ་འཇུག་དགོས། ད་ལྟའི་བར་དུ་ཉི་ཧོང་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་པའི་མི་༥༡༤་ཡོད་པ་དང་མི་༩་ལ་འཆི་སྐྱོན་བྱུང་། བདུན་ཕྲག་སྔོན་མ་བར་དུ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་ཉི་ཧོང་ལ་༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཐུབ་རྒྱུ་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར། ད་ལྟ་ཉི་ཧོང་གཞུང་གིས་ཨ་སྒོར་ཐེར་འབུམ་༤་འགྲོ་གྲོན་བཏང་ནས་ཏོག་དབྱིབས་རིམས་ནད་ཀྱིས་ཚོང་ལས་ཆུང་ཁག་ལ་གྱོང་གུད་ཐེབས་པ་རྣམས་སླར་གསོ་བྱ་ཐབས་སུ་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག
འབྲེལ་ཡོད།
འབྲུག་ཡུལ་སོགས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ།
ལྷོ་ཀོ་རི་ཡར་རིམས་ནད་ཀྱི་ཛ་དྲག་ཇེ་ཆེ།
སྐད་འཕྲིན་ནང་དུ་ཏོག་དབྱིབས་རིམས་ནད་གླེང་སློང་ལ་བཀག་འགོག
ཨ་རི་དང་རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ཇེ་ཆེ།
ཞིས་ཅིན་ཕིང་ཉི་ཧོང་ལ་འཚམས་འདྲིར་བསྐྱོད་རྒྱུ་ཕྱིར་འགྱངས།
XS
SM
MD
LG