ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ཇེ་ཆེ།


༄༅།། ཕྱི་ཟླ་༣་ཚེས་༥་ཉིན་ཨ་མི་རི་ཀའི་མངའ་སྡེ་༡༧་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༡༡་ལ་འཆི་སྐྱོན་དང་མི་༡༦༠་ལྷག་ལ་རིམས་ནད་འགོས། མི་ལ་འཆི་སྐྱོན་བྱུང་ས་ནི་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་དང་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེ་གཉིས་ཡིན་རུང་ནེའུ་ཡོཀ་མངའ་སྡེ་ལའང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་ཛ་དྲག་ཆེ་རུ་ཕྱིན་འདུག གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་པར་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ལ་ཨ་སྒོར་དུང་ཕྱུར་༨༣་འགྲོ་གྲོན་འཕར་མ་སྤྲད། ཁ་སང་གཟའ་ལྷག་པའི་ཉིན་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་མི་ཞིག་ཏོག་དབྱིབས་རིམས་ནད་ཀྱིས་གྲོངས་པའི་རྗེས་སུ་མངའ་སྡེ་ཧྲིལ་པོ་ཛ་དྲག་གི་གནས་སུ་ལྷུང་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། ད་ལྟ་སན་ཧྥ་རན་སེ་སི་ཀོའི་མཚོ་ཁར་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་མཚོ་ཐོག་ཏུ་བཀག་ཡོད་པ་དང་གྲུ་གཟིངས་དེའི་ནང་གི་འགྲུལ་པ་ཚོར་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་ཨ་རིའི་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་ཁྱབ་ཟིན་ཡོད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༣༠་ཡོད་པ་ངེས་གཏན་ཐུབ་པ་དང་ནད་པ་༣་དྲག་སྐྱེད་བྱུང་ཡོད། ནད་པ་༡༥་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་པ་དང་ཁོ་ཚོའི་རླངས་འཁོར་ལོ་བ་རྒྱ་གར་བ་དེར་རིམས་ནད་བགོས་འདུག་ཅེས་གནས་ཚུལ་སྤེལ། འོན་ཀྱང་སྔ་ཉིན་དེར་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་ཧར་ཤི་ཝྭར་དྷན་གྱིས་རྒྱ་གར་རྒྱལ་ཡོངས་སུ་མི་༢༧༠༠༠་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་དོགས་གཞིའི་འོག་ཏུ་རང་རང་གི་ས་གནས་སོ་སོར་ལོགས་སུ་བཀར་ནས་བཞག་ཡོད། ང་ཚོས་རིམས་ནད་ཁྱབ་གདལ་འགྲོ་ཡུལ་གཙོ་བོ་ཨ་གྷ་ར་གྲོང་ཁྱེར་ལ་འགྲིམ་འགྲུལ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་འགོག་དགོས་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། རྒྱ་གར་གཞུང་གིས་རིམས་ནད་སྔོན་འགོག་ཆེད་དུ་རྒྱལ་ས་ལྡི་ལིའི་སློབ་གྲྭ་ལྔ་རེ་ཞིག་ལ་སྒོ་བརྒྱབ། ཕྱི་ཟླ་༣་པའི་ཚེས་༣་ཉིན་ལྡི་ལི་གསར་པའི་ཤྲི་རམ་སྟོང་ལོའི་སློབ་གྲྭ་དང་ནོ་དབྱི་དྷ་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་གཉིས་ལ་རིམས་ནད་ཀྱི་ནད་རྟགས་ཐོན། སློབ་ཕྲུག་གཅིག་གི་བཟའ་མི་༦་ལའང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་རྟགས་ཐོན་ཡོད་པས་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་འདུ་འཛོམས་ཆེན་པོ་བྱ་རྒྱུ་དེར་གཡོལ་ཐབས་བྱ་དགོས་ཞེས་བཀོད་ཁྱབ་བཏང་འདུག སྲིད་བློན་མོ་དྷིས་རྒྱ་གར་མི་དམངས་རྣམས་ཏོག་དབྱིབས་རིམས་ནད་ཁྱབ་སྲིད་པའི་འཇིགས་སྣང་བྱེད་དགོས་དོན་མེད་ཅེས་ཁྱབ་བསྒྲགས་བྱས་ཀྱང་བདུན་ཕྲག་རྗེས་མར་རྒྱ་གར་ལ་ཚོན་གཏོར་དུས་ཆེན་ཚུགས་ཀྱི་ཡོད་པ་དེར་སྲིད་བློན་མོ་དྷི་མཉམ་ཞུགས་བྱ་རྒྱུ་མིན། ཚོན་གཏོར་དུས་ཆེན་སྐབས་སུ་མི་ཚོགས་ཆེན་པོ་འདུས་ན་དགེ་མཚན་མེད་ཅེས་གདམས། ད་དུང་སྲིད་བློན་མོ་དྷི་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་ཕེབས་ནས་ཡུ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་ཕྱིར་འཐེན་བྱས་འདུག

རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་༣་པའི་ཚེས་༥་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉི་མ་གཅིག་ལ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༣༩་བྱུང་ཡོད་པ་དང་མི་༣༡་ལ་འཆི་སྐྱོན་བྱུང་སོང་། ད་ལྟའི་བར་དུ་རྒྱ་ནག་གཅིག་པུར་ཏོག་དབྱིབས་རིམས་ནད་ཀྱིས་མི་༣༠༡༢་ལ་འཆི་སྐྱོན་དང་མི་༨༠༤༠༩་ལ་རིམས་ནད་འགོས། མི་༥༢༠༠༠་ལྷག་དྲག་སྐྱེད་བྱུང་ཡོད་ཅེས་བསྒྲགས། ཡིན་ནའང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་དྲག་སྐྱེད་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཁག་ཅིག་ལ་སླར་ཡང་ནད་རྟགས་འཐོན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་མི་ཚོགས་འདུས་ནས་གསོལ་སྟོན་རྒྱས་གཤོམ་དང་མི་མང་པོས་ལྟོ་སྣོད་གཅིག་གི་ནང་དུ་རྒྱ་ཁོག་ཟ་རྒྱུ། རང་གི་ཟས་ཐུར་གྱིས་གཞན་ལ་ཟས་རིགས་སྟེར་པ་སོགས་བཀག་འགོག་བྱ་དགོས། གསོལ་སྟོན་དང་མཉམ་དུ་བཟའ་བཏུང་ལ་རོལ་པ། ཟས་ཐུར་སོགས་ཀྱིས་མི་ལ་རིམས་ནད་བགོ་ཡི་འདུག་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་མ་ཟད། སྲིད་འཛིན་ཞིས་ཅིན་ཕིང་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འགྱངས་བྱས་ནས་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱ་རྒྱུ་གཙིགས་སུ་འཛིན་དགོས་པའི་གྲོས་མཐུན་བྱུང་། རྒྱ་ནག་དང་ཉི་ཧོང་གཉིས་ཀར་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཆེན་པོ་ཡོད་པས་སྲིད་འཛིན་ཞིས་ཅིན་ཕིང་དུས་སྐབས་འོས་འཚམས་ཤིག་ལ་ཉི་ཧོང་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་ཕེབས་དགོས་པའི་གྲོས་མཐུན་བྱུང་འདུག

ལྷོ་ཀོ་རི་ཡར་ཕྱི་ཟླ་༣་ཚེས་༥་ཉིན་ནད་པ་གསར་པ་༧༦༠་བྱུང་ཡོད་པ་དང་ཁྱོན་བསྡོམས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༦༠༨༨་ཡོད། ད་ལྟའི་བར་དུ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་མི་༣༥་ལ་ཏོག་དབྱིབས་རིམས་ནད་འགོས་ནས་འཆི་སྐྱོན་བྱུང་སོང་། དེ་རིང་གཟའ་ཕུར་བུ་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་རྒྱལ་ས་སོལ་ནས་སྤྱི་ལེ་༢༥༠་ཡས་མས་ཤིག་གི་མཚམས་སུ་ཆགས་པའི་གྷེ་དབྱང་སན་གྲོང་ཁྱེར་དུ་དམིགས་བསལ་གྱི་སྨན་བཅོས་ས་ཁུལ་ཞིག་གཏན་ཁེལ་བྱས་ཏེ་ནད་པ་ཚོར་སྨན་བཅོས་བྱེད་འགོ་ཚུགས་ཡོད་ཅེས་གནས་ཚུལ་སྤེལ། ལྷོ་ཀོ་རི་ཡའི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་བརྒྱ་ཆ་༧༥་ཏཱེ་གུ་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་ཚོགས་ཤིག་ནས་ཁྱབ། ཏཱེ་གུ་གྲོང་ཁྱེར་ལ་མི་འབོར་ས་ཡ་༢་དང་ཕྱེད་ཀ་ཙམ་ཡོད་པས་མི་མང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་བཟོད་སྒོམ་ཆེན་པོ་བྱེད་ཀྱི་འདུག་ཅེས་གསར་འགྱུར་ཐོན། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་༢༨༥༠༠་འགྲེམ་འཇོག་བྱེད་ཡོད་པ་དེ་དག་གི་གྲས་སུའང་རིམས་ནད་ཁྱབ་སྟེ་མི་ཁག་ཅིག་ལ་ནད་དུག་ཕོག ད་ལྟ་འཛམ་གླིང་གི་རྒྱལ་ཁབ་༡༠༠་ཡས་མས་ཤིག་གིས་ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཆམ་དང་མཁའ་ལམ་འགྲིམ་འགྲུལ་བཀག བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་འཕྲིན་ཡིག་ཅིག་བསྐུར་ཏེ་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཁྱབ་ཡོད་པར་བློ་ཕམ་ཆེ། ཁོ་བོས་དཀའ་ངལ་ཆེ་བའི་དུས་སྐབས་འདིར་ལྷོ་ཀོ་རི་ཡའི་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ཅེས་བཀོད་འདུག

ཨི་རན་ལ་ཏོག་དབྱིབས་རིམས་ནད་ཀྱིས་མི་༩༢་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་༢༩༢༢་ཟིན། ཕྱི་ཟླ་༣་པའི་ཚེས་༥་ཉིན་ཨི་རན་གྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་ཇཱ་ཧན་པོར་གྱིས་བཤད་པ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༢༠་བར་དུ་ཨི་རན་གྱི་སློབ་གྲྭ་དང་སློབ་ཆེན་ཁག་སྒོ་རྒྱག་རྒྱུའི་ཐག་བཅད། ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་གཟའ་པ་སངས་ལ་ཁ་ཆེའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་ལྷ་ཁང་ཁག་ལ་མི་ཚོགས་འདུས་ནས་ཕྱག་འཚལ་ཁ་འདོན་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བསྒྲགས། སྲིད་འཛིན་རོ་ཧ་ཎིས་ཏོག་དབྱིབས་རིམས་ནད་འདི་རྒྱལ་ཡོངས་སུ་ཞིང་ཆེན་ཡོད་དོ་ཅོག་ལ་ཁྱབ་ཀྱི་འདུག ང་ཚོས་ལྟ་ཕྱོགས་གཞན་ཞིག་ནས་བཤད་ན་རིམས་ནད་འདི་འཛམ་གླིང་གི་རིམས་ནད་ཅིག་ལ་འགྱུར་གྱི་ཡོད་པས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རིམས་ནད་འདིར་འགོག་རྒོལ་བྱ་དགོས་ཞེས་བཤད། ཨི་རན་གཞུང་གིས་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཁག་གི་བར་དུ་ཕན་ཚུན་འགྲིམ་འགྲུལ་བྱ་རྒྱུ་ཉུང་དུ་གཏོང་རྒྱུ་དང་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མི་༢༣་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་རེད། འདི་ཙམ་ན་ཨི་རཀ་གི་མི་གཉིས་ལ་ཏོག་དབྱིབས་རིམས་ནད་ཀྱིས་འཆི་སྐྱོན་བྱུང་བ་དང་འདས་པའི་ཆུ་ཚོད་༢༤་རིང་དུ་ཁུ་ཝེ་ཐེ་རྒྱལ་ཁབ་ལ་སླར་ཡང་ནད་པ་གསར་པ་༢་བྱུང་། ཁྱོན་བསྡོམས་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་འབོར་༥༨་ཟིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་གི་སྤྱི་དམངས་རྣམས་ཕྱི་རྒྱལ་ལ་འགྲིམ་འགྲུལ་བྱ་རྒྱུ་དེར་འཛེམ་ཟོན་བྱ་དགོས་ཞེས་འབོད་སྐུལ་ཞུས།

ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་གི་ཁ་ཆེའི་ཆོས་དད་པ་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་འགོག་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་སྟེ། སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་རང་གི་སྤྱི་དམངས་རྣམས་མཱེ་ཁ་དང་མཱེ་ཌི་ན་སོགས་གནས་ཆེན་ཁག་ལ་གནས་སྐོར་དུ་འགྲོ་མི་དགོས་པ་གཙོ་འདོན་བྱས། ད་ལོ་རྒྱལ་ཁབ་གཞན་གྱི་སྤྱི་དམངས་རྣམས་ཀྱང་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་ལ་སོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་འདུག ལོ་ལྟར་ཕྱི་ཟླ་༧་པའི་ཟླ་མཇུག་ནས་ཕྱི་ཟླ་༨་པའི་ཚེས་མགོ་བར་དུ་འཛམ་གླིང་གི་ཁ་ཆེའི་ཆོས་དད་པ་དུང་ཕྱུར་༡༠་ཡས་མས་ཤིག་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་ལ་བསྐྱོད་སྲོལ་ཡོད་ཅིང་། སིངྒ་པུར་གྱི་ཁ་ཆེ་ཚོར་ལྷ་ཁང་ནང་དུ་སོ་སོ་སྒེར་གྱི་ཕྱག་གདན་འཁྱེར་ཤོག མི་ཚོས་ཕན་ཚུན་ལག་པ་བཏང་ནས་འཚམས་འདྲི་ཞུ་མི་དགོས་པ་བྱོས་ཞེས་བསྒྲགས། དབྱིན་ཡུལ་གྱི་ཁ་ཆེའི་ཆོས་ཚོགས་ཤིག་གིས་ཁ་ཆེའི་ལྷ་ཁང་ཁག་དང་སློབ་གྲྭ་ཁག་གི་གཙང་སྦྲ་ཡར་རྒྱས་གཏོང་དགོས། ཁ་ཆེའི་ལྷ་ཁང་དང་སློབ་གྲྭ་ཁག་ཏུ་ཡོང་མཁན་ཚོས་ངེས་པར་དུ་ལག་པ་བཀྲུ་དགོས། ཁ་ཆེའི་ལྷ་ཁང་ཁག་དང་སློབ་གྲྭ་ཁག་གིས་མི་ལ་འདག་རྫས་དང་ཤོག་གུ་སོགས་འདང་ངེས་ཤིག་མཐུན་རྐྱེན་སྦྱོར་ཞེས་འབོད་སྐུལ་ཞུས། ཏ་ཇིཀ་སི་ཐན་གཞུང་གི་མི་དམངས་རྣམས་ལྷ་ཁང་ལ་འདུ་མི་དགོས་པར་རང་ཁྱིམ་དུ་ཕྱག་འཚལ་ཁ་འདོན་གྱི་དགེ་སྦྱོར་བྱེད་ཆོག་ཅེས་བཀོད་ཁྱབ་བཏང་། ཏ་ཇིཀ་སི་ཐན་གྱིས་རྒྱ་ནག་དང་ཨབ་གྷ་ཎི་སི་ཐན། ལྷོ་ཀོ་རི་ཡ་དང་ཨི་རན། ཨི་ཊི་ལི་བཅས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་མི་ཆོག་པའི་བཀག་སྡོམ་བྱས་འདུག

ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༠༧་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་མི་༣༠༨༩་ཟིན། ཕྱི་ཟླ་༣་པའི་ཚེས་༥་ཉིན་གནས་ཚུལ་ཐོན་པ་ལྟར་ན། ཨི་ཊི་ལིའི་བྱང་ཕྱོགས་ཀྱི་ལམ་བྷར་ཌི་ས་གནས་སུ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལས་སྣེ་གཉིས་ལ་ཏོག་དབྱིབས་རིམས་ནད་འགོས། ད་དུང་མི་༡༤༠་ཐམ་པར་རིམས་ནད་འགོས་ཡོད་སྲིད་པའི་དོགས་པ་འདུག དེ་རིང་ནས་དུས་ཡུན་ཕྲག་གཉིས་ཀྱི་རིང་ལ་ཨི་ཊི་ལི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་སྒོ་བརྒྱབ། རྒྱལ་ཁབ་དེའི་སྲིད་གཞུང་གིས་ཡུ་སྒོར་དུང་ཕྱུར་༥༠་འགྲོ་གྲོན་བཏང་ནས་རིམས་ནད་འགོག་ཐབས་སུ་འབད། ཨི་ཊི་ལིའི་རིམས་ནད་ཁྱབ་ཡུལ་ཁག་གི་མགྲོན་ཁང་དང་ཟ་ཁང་རྣམས་སྟོང་པར་ལུས་པ་དང་གྲོང་ཁྱེར་ཁག་ནི་མི་མེད་ལུང་སྟོང་ལྟ་བུ་ཞིག་ཏུ་གྱུར་འདུག འདི་ཙམ་ན་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་སླར་ཡང་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་གསར་པ་༡༠༩་བྱུང་སྟེ་རྒྱལ་ཁབ་དེའི་ནད་པའི་གྲངས་འབོར་མི་༣༤༠་ཟིན། སུད་སིའི་བུད་མེད་ལོ་ན་༧༤་ཅན་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ནས་གྲོངས། བྷོ་ཛི་ཎི་ཡ་དང་ཧར་ཚ་གོ་ཝྭི་ནའི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་གཉིས་བྱུང་ཞིང་། གྷེ་རི་སིའི་ནད་པའི་གྲངས་འབོར་ལ་༡༠་ལ་འཕར་ནས་རྒྱལ་ཁབ་དེའི་ས་ཁུལ་གསུམ་གྱི་སློབ་གྲྭ་ཁག་སྒོ་བརྒྱབ།

ཨོ་གླིང་རྒྱལ་ཁབ་ཏུ་མི་གཉིས་པ་ཞིག་ལ་ཏོག་དབྱིབས་རིམས་ནད་ཀྱིས་འཆི་སྐྱོན་བྱུང་། ད་ལྟ་ཨོ་གླིང་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༥༢་ཡོད་པར་བརྟེན། གཟའ་ཕུར་བུའི་ཉིན་སྲིད་བློན་མོ་རི་སན་གྱིས་རྒྱ་ནག་དང་ཨི་རན་ལ་འགྲིམ་འགྲུལ་བཀག་སྡོམ་བྱེད་ཡོད་པ་ཕར་འགྱངས་བྱ་རྒྱུ་ཡིན། ལྷོ་ཀོ་རི་ཡ་དང་ཨི་ཊི་ལི་ནས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་མིན་པ་རྣམས་རེ་ཞིག་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བསྒྲགས། ད་སྔ་འཛམ་གླིང་གི་རྒྱལ་ཁབ་༨༣་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༩༥༠༠༠་ལྷག་ལ་རིམས་ནད་འགོས་པ་དང་མི་༣༢༠༠་ལྷག་ལ་འཆི་སྐྱོན་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་སློབ་གསོ་ལྷན་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་ལོ་འདིར་རྒྱལ་ཁབ་༢༠་ལྷག་གིས་སློབ་གྲྭ་རྣམས་སྒོ་བརྒྱབ་སྟེ་བྱིས་པ་དུང་ཕྱུར་༢་དང་བྱེ་བ་༩་ལྷག་འཛིན་གྲྭ་ཚོགས་ཐུབ་མེད་པ་རེད།

XS
SM
MD
LG