ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྷོ་ཕྱོགས་གཞིས་ཆགས་ཁག་ལ་རིམས་ནད་ཁྱབ་མི་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡུལ་གྲུ་ཁག་དང་ས་ཁུལ་ཁག་ལ་ཁྱབ་གདལ་འགྲོ་བཞིན་ཡོད་ཅིང་། ད་ལྟ་རྒྱལ་ཁབ་སོ་སོས་རིམས་ནད་དེར་དོགས་ཟོན་དང་སྔོན་འགོག་གི་ལས་དོན་སྒྲུབ་བཞིན་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུའང་རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་བཞིན་པའི་གྲས་སུ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཚུད་ཡོད་པ་སྟེ། གཞིས་ཆགས་དེའི་གཞིས་འགོའི་ལས་ཁུངས་དང་ས་གནས་འཕྲོད་བསྟེན་སྨན་ཁང་། མོན་གྷོ་ས་གནས་རྫོང་ལས་ཁུངས་བཅས་ཀྱིས་ས་གནས་མི་མང་རྣམས་ཚོགས་འདུར་བསྡུས་ནས་རིམས་ནད་ཀྱི་ཉེན་ཚབས་དང་སྔོན་འགོག་གི་བྱ་ཐབས་སོགས་ལམ་སྟོན་བྱས་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་གཞིས་ཆགས་ཁག་ཏུ་དགོན་སྡེ་མང་པོ་ཞིག་ཆགས་ཡོད་པས་རྒྱ་རིགས་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་དམངས་མང་པོ་ཞིག་འགྲོ་འོང་བྱེད་བཞིན་ཡོད་པའི་སྟབས་ཀྱིས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ལ་ཕྱི་མི་སུ་ཞིག་སླེབས་ཀྱང་ཐོ་བཀོད་བྱས་ཏེ་ས་གནས་རྒྱ་གར་གྱི་རྫོང་ལས་ཁུངས་ལ་སྐྱེལ་དགོས་པར་མ་ཟད། ཕྱི་རྒྱལ་བ་ཚོར་རྒྱ་གར་གཞུང་གི་སྨན་ཁང་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་སོགས་ཀྱི་བཀའ་ཁྱབ་བཏང་འདུག འོན་ཀྱང་ད་ལྟའི་ཆར་མོན་གྷོ་གཞིས་ཆགས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་བྱུང་མེད་ཅེས་མོན་གྷོ་འདོད་རྒུ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་གྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲིར་ལན་འདེབས་གནང་བྱུང་།

ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་བ་ལྟར་ན། ས་གནས་འཕྲོད་བསྟེན་སྨན་ཁང་གིས་གཞིས་ཆགས་ཀྱི་གྲོང་སྡེ་ཁག་དང་དགོན་སྡེ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟངས་དང་དེའི་པར་རིས་ཅན་གྱི་ཡིག་ཆ་སོགས་སྦྱར་འགྲེམ་བྱས་ནས་མང་ཚོགས་དང་དགེ་འདུན་པ་ཚོར་ཏོག་དབྱིབས་རིམས་ནད་ཀྱི་གོ་རྟོགས་སྤེལ་གྱི་ཡོད་པ་རེད།

འདི་དང་དུས་མཚུངས་སུ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་གྲས་བྷེལ་ཀོབ་གཞིས་ཆགས་སུའང་སྐབས་འདིར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་བྱུང་མེད་ཅེས་བྷེལ་ཀོབ་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་རིག་འཛིན ཆོས་སྒྲོན་གྱིས་འགྲེལ་བརྗོད་བྱས་སོང་། བྷེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་གཞིས་འགོ་ཐུབ་བསྟན་ཚེ་རིང་གིས་ཀྱང་ད་ལྟའི་ཆར་བྷེལ་ཀོབ་གཞིས་ཆགས་ལ་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་ལམ་སྟོན་གང་ཡང་འབྱོར་མ་བྱུང་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

XS
SM
MD
LG