ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་སོགས་རྒྱལ་ཁབ་༨༠་ཙམ་ལ་ཏོག་དབྱིབས་རིམས་ནད་ཁྱབ།


༄༅།། ད་ལྟ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་རྒྱལ་ཁབ་༨༠་ཡས་མས་ཤིག་ལ་ཁྱབ་ཟིན་ཡོད་པ་སྟེ། ཕྱི་ཟླ་༣་པའི་ཚེས་༤་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་ཐོ་ལྟར་ན། ད་བར་མི་༩༢༠༠༠་ལ་ཏོག་དབྱིབས་རིམས་ནད་འགོས་པ་དང་མི་༣༡༡༠་ལ་འཆི་སྐྱོན་བྱུང་། རྒྱ་ནག་གི་འཕྲོ་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་ས་ཤུགས་ཆེ་ཤོས་ཀྱི་གྲས་སུ་ལྷོ་ཀོ་རི་ཡ་དང་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རན་དང་ཨ་མི་རི་ཀ་སོགས་འདུས། འདས་པའི་ཉི་མ་རེ་ཟུང་ཞིག་ནས་འཛམ་གླིང་མི་འབོར་ཨང་གཉིས་པ་རྒྱ་གར་ལའང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་ཇེ་མང་དུ་སོང་། ད་དུང་ནད་དུག་འགོས་ཡོད་པར་དོགས་པ་བྱས་ནས་རང་ཁྱིམ་དུ་ལོགས་སུ་བཀར་ཡོད་པའི་མི་གྲངས་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གལ་སྲིད་སྨན་བཅོས་དང་གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་ཞན་པའི་རྒྱ་གར་གྱི་གྲོང་མཐའ་ཁག་གི་དབུལ་སྒར་དེ་ཚོར་རིམས་ནད་ཁྱབ་ཚེ། རྒྱ་གར་བ་འབུམ་ཕྲག་མང་པོར་ཏོག་དབྱིབས་རིམས་ནད་འགོས་ནས་ཆག་སྒོ་ཆེན་པོ་ཞིག་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་རེད།

ལྷོ་ཀོ་རི་ཡར་སླར་ཡང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༥༡༦་བྱུང་། གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༤་ཡས་མས་སུ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༥༣༢༨་ཡོད་པ་དང་མི་༢༨་ལ་འཆི་སྐྱོན་བྱུང་འདུག ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་ས་གཙོ་བོ་ཞིག་ཏཱེ་གུ་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཡིན་པ་དང་། ཡེ་ཤུའི་ཆོས་ཚོགས་དེའི་ཚོགས་མི་བུད་མེད་ལོ་ན་༦༡་ལ་སོན་པ་ཞིག་གིས་ཚོགས་མི་གཞན་ལ་རིམས་ནད་བགོས་ནས་ནད་ཡམས་ཁྱབ་གདལ་སོང་། དེར་བརྟེན་ལྷོ་ཀོ་རི་ཡའི་གཞུང་གིས་ཆོས་ཚོགས་དེའི་འགོ་ཁྲིད་དང་འབྲེལ་ཡོད་ལས་སྣེ་༡༡་ལ་མི་དམངས་ཀྱི་བདེ་འཇགས་ལ་གནོད་པའི་ནད་རིགས་བགོས་པ་དང་མི་བསད་པ་སོགས་ཀྱི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་བསྒྲགས་འདུག

ཨི་རན་ལ་ཏོག་དབྱིབས་རིམས་ནད་ཀྱིས་མི་༩༢་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་༢༩༢༢་ཟིན། ཕྱི་ཟླ་༣་པའི་ཚེས་༤་ཉིན་ཨི་རན་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ཁབ་དེའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་བརྒྱ་ཆའི་༨་ལ་ཏོག་དབྱིབས་རིམས་ནད་འགོས། ཨི་རན་གཞུང་གིས་དམག་དང་མི་མང་དང་བླངས་པ་སོགས་མི་༣༠༠༠༠༠་སྐུལ་སློང་བྱས་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཏུ་འཇུག་གི་ཡོད་པར་མ་ཟད། ཨི་རན་གྱི་བཙོན་ཁང་ཁག་ལ་རིམས་ནད་ཁྱབ་བཞིན་པ་འགོག་ཐབས་སུ་བཙོན་པ་༥༤༠༠༠་ལྷག་གནས་སྐབས་རིང་གློད་གྲོལ་གཏོང་རྒྱུའི་ཐག་གཅོད་བྱས་འདུག ཨི་རན་གྱི་ཁྲིམས་འཛིན་ལྷན་ཁང་གི་མགྲིན་ཚབ་པ་ཨི་ཤི་མཱེ་ལི་ཞེས་པ་ཞིག་གིས་ཨི་རན་གྱི་བཙོན་ཁང་ཁག་ཏུའང་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པས་བཙོན་པ་ཁག་ཅིག་གློད་གྲོལ་གཏོང་དགོས་ཐུག་ས་རེད། ཡིན་ནའང་ལོ་༥་ལྷག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རྣམས་གློད་གྲོལ་གཏོང་རྒྱུ་མིན་ཞེས་བཤད། ཨི་རན་ལ་ཏོག་དབྱིབས་རིམས་ནད་བྱུང་ནས་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་མཐོ་རིམ་གཞུང་འབྲེལ་མི་སྣ་གཉིས་ཡོད་པ་འདུས། ནད་པའི་གྲས་སུ་སྲིད་འཛིན་གཞོན་པ་དང་འཕྲོད་བསྟེན་བློན་ཆེན་གཞོན་པ། གྲོས་ཚོགས་འཐུས་མི་དང་ཆོས་ལུགས་པ་སོགས་ཚུད་འདུག

ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་ཀྱིས་མི་༧༩་ལ་འཆི་སྐྱོན་བྱུང་། གཟའ་ལྷག་པའི་ཉིན་ཨི་ཊི་ལིའི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟ་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༢༥༠༢་ཡོད་པ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་གྲས་ཀྱི་ཆེས་ཉེན་ཚབས་ཆེ་ཤོས་སུ་གྱུར། ཨི་ཊི་ལིའི་གཞུང་གིས་རྒྱལ་ཁབ་དེའི་སློབ་གྲྭ་ཁག་སྒོ་རྒྱག་དགོས་མིན་བསམ་གཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། གལ་སྲིད་སློབ་གྲྭ་ཁག་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་ན་སང་ཉིན་གཟའ་ཕུར་བུ་ནས་ཉི་མ་བཅོ་ལྔའི་རིང་ལ་ཨི་ཊི་ལིའི་སློབ་གྲྭ་ཁག་སྒོ་རྒྱག་སྲིད། རིམས་ནད་ཁྱབ་གདལ་འགྲོ་ཡུལ་ཨི་ཊི་ལིའི་བྱང་ཕྱོགས་གྲོང་རྡལ་ཁག་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ། ཚོང་ལས་དང་ཡུལ་སྐོར་སྤྲོ་འཆམ་སོགས་ཡོངས་སུ་བཀག་ནས་རིམས་ནད་འགོག་ཐབས་སུ་འབད། ཨི་ཊི་ལིའི་འཕྲོད་བསྟེན་བློན་ཆེན་གྱིས་ང་ཚོར་ནད་པ་གསར་པ་ལོགས་སུ་འཇོག་ས་ཞིག་དགོས་ཀྱི་འདུག ད་དུང་ཡང་རིམས་ནད་འདི་ཁྱབ་གདལ་ཇི་ལྟར་འགྲོ་རྒྱུ་ཡིན་མིན་སུ་གཅིག་གིས་ཀྱང་བཤད་དཀའ། མཱི་ལན་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་ཡོད་པའི་བྷེར་གྷ་མོ་ས་གནས་སུ་ནད་པ་ཟུར་འགོག་བྱ་ས་ཞིག་གོ་སྒྲིག་བྱ་འཆར་ཡོད་ཅེས་བཤད།

རྒྱ་གར་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༢༨་ཡོད་པ་ངེས་གཏན་ཐུབ་འདུག ཕྱི་ཟླ་༣་ཚེས་༤་ཉིན་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་ཧར་ཤི་ཝྭར་དྷན་གྱིས་ནད་པ་༢༨་ཡོད་པ་དེའི་ཁོངས་ནས་ལྷོ་ཕྱོགས་མངའ་སྡེ་ཁེ་ར་ལར་ནད་པ་གསུམ་རྣམས་དྲག་སྐྱེད་བྱུང་ཡོད། ནད་པ་༡༦་ཇཱ་ཡེ་པུར་གྲོང་ཁྱེར་དུ་ཡོད། ཁོ་ཚོའི་གྲས་ཀྱི་མི་༡༥་ཨི་ཊི་ལིའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་པ་དང་རྒྱ་གར་བ་རླངས་འཁོར་ཁ་ལོ་བ་དེར་ནད་དུག་འགོས་འདུག རྒྱལ་ས་ལྡི་ལི་གསར་པར་ནད་པ་གསར་པ་༦་བྱུང་ཡོད། དེའི་སྔོན་ལ་རྒྱ་གར་བ་སྐྱེས་པ་ཞིག་གིས་ལྡི་ལི་གསར་པའི་ཁྱིམ་ཚང་ཞིག་གི་བཟའ་མི་ཚོར་ཏོག་དབྱིབས་རིམས་ནད་བགོས་ནས་ནད་པ་༦་བྱུང་ཡོད། སྐྱེས་པ་དེ་ཕྱི་ཟླ་༢་ནང་དུ་ཝྭི་ཡ་ན་ནས་ལྡི་ལི་བར་དུ་མཁའ་ལམ་བརྒྱུད་ནས་འགྲིམ་འགྲུལ་བྱས་ཡོད་པས་གནམ་གྲུ་དེའི་ནང་གི་འགྲུལ་པ་༦༦་ལ་བརྟག་དཔྱད་བྱས་པ་ཡིན། ཉེ་ལམ་ཞིག་ནས་རྒྱ་གར་གཞུང་གིས་རྒྱ་ནག་དང་ཧོང་ཀོང་། ཉི་ཧོང་དང་ལྷོ་ཀོ་རི་ཡ། སིངྒ་པུར་དང་ཐེ་ལན་ཌི། བལ་ཡུལ་དང་ཨིན་རྡུ་ནེ་ཤི་ཡ། ཝྭི་ཏེ་ནམ་དང་མ་ལེ་ཤི་ཡ་བཅས་ཀྱི་མཁའ་ལམ་འགྲུལ་པ་ཚོར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད། ད་ནས་རྒྱ་གར་གཞུང་གིས་འཛམ་གླིང་ཀུན་གྱི་འགྲུལ་པ་ཚོར་གནམ་ཐང་ཁག་ཏུ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་འཆར་ཡོད་ཅེས་བསྒྲགས། སྔ་ཉིན་དེར་རྒྱ་གར་གྱི་དུས་བབ་ཚགས་པར་དང་དེ་རིང་གི་རྒྱ་གར་ཞེས་པའི་ཚགས་པར་གཉིས་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེར་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་མི་༢༨༤་རང་ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་རྟོག་བྱེད་བཞིན་ཡོད། རང་ཁྱིམ་དུ་ལོགས་སུ་བཀར་ཡོད་པའི་དོགས་ཅན་ནད་པ་རྣམས་བྷེང་ལོར་གྲོང་ཁྱེར་སོགས་ན་འདུག་ཅེས་གནས་ཚུལ་སྤེལ། རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་ཁོངས་སུ་བྱེས་ཀྱི་གནད་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་དང་དཔལ་ཡུལ་རྣམ་གྲོལ་གླིང་སོགས་བོད་པ་བཙན་བྱོལ་བའི་གདན་ས་ཆེ་ཁག་དང་བྷེ་ལ་ཀོ་ཕི་ལུགས་ཟུང་བསམ་གྲུབ་གླིང་དང་གཞིས་ཆགས་གསར་པ། མོན་གྷོ་འདོད་རྒུད་གླིང་དང་ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་བཅས་གཞིས་ཆགས་ཁག་ལྔ་དང་བོད་པ་བཙན་བྱོལ་བ་ཁྲི་ཚོ་འགའ་ཞིག་ཀར་ན་ཊ་ཀ་མངའ་སྡེའི་ཁོངས་སུ་གཞིས་ཆགས་ཡོད་པ་རེད།

ཨ་མི་རི་ཀའི་མངའ་སྡེ་༡༦་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༩་ལ་འཆི་སྐྱོན་དང་ནད་པ་༡༣༠་ལྷག་ཡོད་པའི་གནས་ཚུལ་ཐོན། མི་ལ་འཆི་སྐྱོན་བྱུང་བ་ཚང་མ་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་མངའ་སྡེའི་རྒན་གསོ་ཁང་ཞིག་གི་ནང་དུ་བྱུང་འདུག ཡིན་ནའང་ཨ་མི་རི་ཀའི་ནད་རིམས་སྔོན་འགོག་ཁང་དང་བཀག་སྡོམ་ཁང་ཁག་གིས ཨ་མི་རི་ཀ་བ་མང་པོ་ཞིག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་ཀྱང་ནད་རྟགས་མ་ཐོན་པར་སྤྱི་ཚོགས་སུ་འདྲེས་ཟིན། མི་དེ་དག་གིས་རང་ཉིད་འབྲེལ་འདྲིས་བྱུང་བ་ཐམས་ཅད་ལ་ཏོག་དབྱིབས་རིམས་ནད་བགོས་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། གཟའ་ལྷག་པའི་ཉིན་ཨ་རིའི་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་མངའ་སྡེ་ཁག་ལ་ཚ་བ་བརྟག་དཔྱད་བྱ་སྤྱད་འཕྲུལ་ཆས་༧༥༠༠༠་བགོ་འགྲེམ་བྱ་རྒྱུ། གཟའ་འཁོར་འདིར་ཨ་རི་བ་ས་ཡ་༡་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུའི་དམིགས་ཚད་བཟུང་འདུག

རྒྱ་ནག་གཞུང་གིས་ཕྱི་ཟླ་༣་པའི་ཚེས་༤་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉི་མ་གཅིག་ལ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་བྱུང་ནས་མི་༣༨་ལ་འཆི་སྐྱོན་དང་ནད་པ་གསར་པ་༡༡༩་བྱུང་སོང་། ནད་པ་གསར་པ་དེ་དག་གི་གྲས་ཀྱི་མི་གཉིས་ཨི་ཊི་ལི་དང་ཨི་རན་ལ་འགྲིམ་འགྲུལ་བྱས་ནས་ནད་དུག་འགོས་འདུག ནད་པ་གསར་པ་བཞི་ཧུ་པེ་ཞིང་ཆེན་གྱི་ཕྱི་ལོགས་སུ་ཡོད་པ་སྟེ། པེ་ཅིང་གྲོང་ཁྱེར་དུ་ནད་པ་གསུམ་དང་ཉིང་ཞཱ་ཧོས་རིགས་རང་སྐྱོང་ཁུལ་དུ་ནད་པ་གཅིག་ཡོད་ཅེས་བསྒྲགས། ད་ཐེངས་ཀྱི་རིམས་འདིས་རྒྱ་ནག་གཅིག་པུར་མི་༢༩༡༨་ལ་འཆི་སྐྱོན་དང་མི་༨༠༢༧༠་ཐམ་པར་རིམས་ནད་འགོས་འདུག་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཐོ་གཞུང་དུ་བཀོད། འོན་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་ཚད་ལྡན་ཞིག་ཡིན་མི་སྲིད། རྒྱ་ནག་གི་ས་གནས་ཁག་ཏུ་རིམས་ནད་ཀྱི་རྐྱེན་པས་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ནི་ལྡབ་འགའ་ཞིག་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG