ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲུག་ཡུལ་སོགས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ།


༄༅།། འབྲུག་ཡུལ་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཞིང་། ད་ནས་དུས་ཡུན་བདུན་ཕྲག་གཉིས་ཀྱི་རིང་ལ་འབྲུག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འབྲུག་ཡུལ་དུ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག ཕྱི་ཟླ་༣་པའི་༦་ཉིན་འབྲུག་ཡུལ་དུ་རྩད་གཅོད་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་དེ་ཕྱི་ཟླ་༣་པའི་ཚེས་༢་ཉིན་རྒྱ་གར་ནས་འབྲུག་ཡུལ་ལ་སྤྲོ་འཆམ་དུ་འབྱོར་བའི་ཨ་མི་རི་ཀ་བ་ལོ་ན་༧༡་ལ་སོན་པ་ཞིག་རེད། གཟའ་ཕུར་བུའི་ཉིན་ཨ་རི་བ་དེ་སྨན་ཁང་ལ་འཁྱེར་ནས་བརྟག་དཔྱད་བྱས་ཏེ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་སོང་། ད་ལྟ་ཨ་རི་བ་ནད་པ་དེ་རྒྱལ་ས་ཐིམ་ཕུག་གི་སྨན་ཁང་ཞིག་ཏུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་འབྲུག་ཡུལ་གྱི་སྲིད་བློན་དང་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག

རྒྱ་གར་ལ་ཕྱི་ཟླ་༣་པའི་ཚེས་༦་ཉིན་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༣༡་ཡོད། ནད་པ་གསར་ཤོས་དེ་ལྡི་ལིའི་ཨུ་ཏམ་ན་གྷར་ས་ཁུལ་དུ་བྱུང་སོང་། ནད་པ་དེ་ཐེ་ལན་ཌི་དང་མ་ལེ་ཤི་ཡར་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་མྱོང་འདུག ད་ལྟ་རྒྱ་གར་གྱི་བརྟག་དཔྱད་ཁང་༣༥་ནང་དུ་ཏོག་དབྱིབས་རིམས་ནད་ལ་བརྟག་དཔྱད་བྱེད་བཞིན་ཡོད། མ་འོངས་པར་བརྟག་དཔྱད་ཁང་༡༠༠་ཡས་མས་ཤིག་མང་དུ་གཏོང་དགོས་ཐུག་སྲིད་ཅེས་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག རྒྱལ་ས་ལྡི་ལིའི་སྤྱི་སྒེར་གཉིས་ཀྱི་དམའ་རིམ་སློབ་གྲྭ་ཁག་ཕྱི་ཟླ་༣་པའི་ཚེས་༣༡་བར་དུ་སྒོ་བརྒྱབ། རྒྱ་གར་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་མི་ཚོགས་འདུ་འཛོམས་བྱ་རྒྱུ་གཡོལ་ཐབས་བྱ་དགོས་པའི་བཀོད་ཁྱབ་བཏང་བས་སློབ་ཕྲུག་ས་ཡ་༣༧་ཡས་མས་ཤིག་གི་ཉིན་རེའི་སློབ་སྦྱོང་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལའང་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས། བདུན་ཕྲག་རྗེས་མར་རྒྱ་གར་ལ་ཚོན་གཏོར་དུས་ཆེན་ཚུགས་ཀྱི་ཡོད་པས་མི་ཚོགས་མཉམ་དུ་འདུས་ནས་ཚོན་གཏོར་དུས་ཆེན་ལ་སྲུང་བརྩི་བྱ་མི་དགོས་པ་གཙོ་འདོན་བྱོས་ཞེས་བསྒྲགས་འདུག

ལྷོ་ཀོ་རི་ཡར་ཕྱི་ཟླ་༣་པའི་ཚེས་༦་གི་མཚམས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པའི་གྲངས་འབོར་༦༢༨༤་ཟིན་པ་དང་མི་༤༢་ལ་འཆི་སྐྱོན་བྱུང་སོང་། མི་ལ་འཆི་སྐྱོན་བྱུང་བ་མང་ཆེ་བ་རྒན་རྒོན་རེད། ལྷོ་ཀོ་རི་ཡའི་ཏོག་དབྱིབས་རིམས་ནད་བརྒྱ་ཆ་༧༠་ཐམ་པ་སྤྱི་ཚོགས་ནང་དུ་ཕན་ཚུན་འགོས་པ་དང་དེའི་གྲས་ཀྱི་ནད་པ་བརྒྱ་ཆ་༦༠་ཐམ་པ་ཏཱེ་གུ་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་ཚོགས་ཤིག་ནས་མང་ཚོགས་ལ་བགོས་འདུག་ཅེས་བསྒྲགས། གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཉི་ཧོང་གཞུང་གིས་ལྷོ་ཀོ་རི་ཡར་འགྲིམ་འགྲུལ་བཀག་པར་བློ་ཕམ་ཆེན་པོ་ཡོད། དེར་བརྟེན་ལྷོ་ཀོ་རི་ཡའི་གཞུང་གིས་ཀྱང་ཉི་ཧོང་བ་ཚོར་ཐོངས་མཆན་སྤྲོད་རྒྱུ་ཚོད་འཛིན་བྱ་རྒྱུ་ཡིན། ཉི་ཧོང་གི་ཐག་གཅོད་དེ་འོས་འཚམས་ཤིག་མ་རེད་ཅེས་དགག་པ་བརྒྱབ། ཉི་ཧོང་གཞུང་གིས་རྒྱ་ནག་དང་ལྷོ་ཀོ་རི་ཡ་ནས་འབྱོར་བའི་འགྲུལ་པ་རྣམས་དུས་ཡུན་བདུན་ཕྲག་གཉིས་ལ་ཟུར་འགོག་བྱ་རྒྱུའི་ཐག་བཅད། ད་ལྟ་རྒྱལ་ཁབ་བརྒྱ་ལྷག་གིས་ལྷོ་ཀོ་རི་ཡར་འགྲིམ་འགྲུལ་བཀག་སྡོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད།

ཨི་རན་ལ་ཕྱི་ཟླ་༣་པའི་ཚེས་༦་གི་མཚམས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པའི་གྲངས་འབོར་༤༧༤༧་ཟིན་པ་དང་མི་༡༢༤་ལ་འཆི་སྐྱོན་བྱུང་། ཨི་རན་གྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པས་ཚབས་ཆེའི་ཏོག་དབྱིབས་རིམས་ནད་དེ་ཨི་རན་གྱི་ཞིང་ཆེན་༣༡་ལ་ཁྱབ་ཟིན་འདུག སྨན་ཁང་ཁག་ཏུ་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བསྒྲགས། གཟའ་པ་སངས་ཉིན་ཨི་རན་གྱི་གྲོང་ཁྱེར་ཆེ་ཁག་ཏུ་མི་ཚོགས་འདུས་ནས་ལྷ་ཁང་ཁག་ཏུ་ཕྱག་འཚལ་དགེ་སྐྱོར་གྱི་ཆོས་ལུགས་བྱེད་སྒོ་རྣམས་སྤེལ་མི་ཆོག་ཅེས་བཀག ཁ་སང་གཟའ་ཕུར་བུ་ནས་ཨི་རན་གཞུང་གིས་རྒྱལ་ཁབ་དེའི་སློབ་གྲྭ་ཁག་སྒོ་བརྒྱབ་ནས་གྲོང་ཁྱེར་ཆེ་ཁག་གི་བར་དུ་ཕན་ཚུལ་འགྲིམ་འགྲུལ་བྱ་རྒྱུའང་ཉུང་དུ་གཏོང་དགོས་པའི་བཀའ་ཕབ་ཀྱང་ཨི་རན་པ་མང་པོ་ཞིག་ཁེ་སི་པིན་མཚོ་འགྲམ་དང་དེ་མིན་གྱི་སྤྲོ་འཆམ་ས་ཁུལ་ཁག་ལ་འགྲོ་བཞིན་ཡོད་ཅིང་། ད་སྔ་ཨི་རན་ཚུད་པའི་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༤༩༩༠་ཡོད་པ་ཐོ་གཞུང་དུ་བཀོད།

ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༣༨༠༠་ཡོད་པ་དང་མི་༤༡་ལ་འཆི་སྐྱོན་བྱུང་སོང་། རྒྱལ་ཁབ་དེའི་འཕྲོད་བསྟེན་ལྷན་ཁང་གིས་རིམས་ནད་བཀག་སྡོམ་ཆེད་དུ་ཡུ་སྒོར་ཐེར་འབུམ་༧་དང་ཕྱེད་ཀ་འགྲོ་གྲོན་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་མོད། ད་ལྟ་ཨི་ཊི་ལིའི་འཕྲོད་བསྟེན་ལས་སྣེ་ཚོས་ཞིབ་འཇུག་བྱས་པ་ལྟར་ན། སྔོན་གྱི་རགས་རྩིས་ལས་ཀྱང་རིམས་ནད་བཀག་སྡོམ་དང་སྨན་བཅོས་སོགས་ལ་འགྲོ་གྲོན་ལྡབ་གཅིག་ཙམ་མང་བ་དགོས་ངེས་རེད་ཅེས་བཤད། ཕྱི་ཟླ་༣་པའི་ཚེས་༡༥་བར་དུ་ཨི་ཊི་ལིའི་སློབ་གྲྭ་ཁག་སྒོ་བརྒྱབ་ཀྱང་གཟའ་པ་སངས་ཉིན་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་ནང་དུའང་མི་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ངེས་གཏན་བྱས་ཡོད་པ་སྟེ། ནད་པ་དེར་ཕྱི་ཟླ་༣་པའི་ཚེས་༢་ཉིན་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ནད་དུག་བགོས་འདུག འདི་ཙམ་ན་ཧྥ་རན་སི་དང་འཇར་མན་ཎི། དབྱིན་ཡུལ་བཅས་སུའང་ཏོག་དབྱིབས་རིམས་ནད་ཀྱི་ནང་པ་མང་དུ་སོང་། ཧྥ་རན་སིར་ནད་པ་༤༢༣་དང་འཇར་མན་ཎིར་ནད་པ་༣༤༩་འདུག དབྱིན་ཡུལ་དུ་ནད་པ་༡༡༦་དང་ནེ་དྷར་ལན་ཌིར་ལོ་ན་༨༦་ཅན་གྱི་རྒད་པོ་ཞིག་ཏོག་དབྱིབས་རིམས་ནད་ཀྱིས་གྲོངས། ནེ་དྷར་ལན་ཌི་རྒྱལ་ཡོངས་སུ་ནད་པ་༣༨་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ཕྱི་ཟླ་༣་པའི་ཚེས་༦་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༤༣་ཡོད་པ་དང་མི་༣༠་ཐམ་པར་འཆི་སྐྱོན་བྱུང་སོང་། མི་ལ་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་ཀྱི་མི་༢༩་དང་ནད་པ་གསར་པ་༡༢༦་ཧུ་པེ་ཞིང་ཆེན་དུ་བྱུང་ཡོད། ད་སྔ་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༠༥༦༥་དང་མི་༣༠༡༥་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། པེ་ཅིང་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༤་ཡོད། མི་དེ་ཚང་མར་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་ནས་རིམས་ནད་འགོས་པ་དང་པེ་ཅིང་གྲོང་ཁྱེར་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༤༢༢་ཡོད་པའི་གནས་ཚུལ་ཐོན། འོན་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱིར་བསྒྲགས་བྱས་པའི་ནད་པ་དང་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་དེ་གྲངས་འབོར་ངོ་མ་ཡིན་མིན་དོགས་པ་བྱེད་ཀྱི་ཡོད་པ་རེད།

ཨ་མི་རི་ཀར་ཕྱི་ཟླ་༣་པའི་ཚེས་༦་གི་མཚམས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༢༢༥་ཡོད་པ་དང་མི་༡༤་ལ་འཆི་སྐྱོན་བྱུང་སོང་། ཨ་མི་རི་ཀའི་མངའ་སྡེ་༢༡་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཨ་རིའི་གྲོས་ཚོགས་གོང་འོག་གིས་རིམས་ནད་སྔོན་འགོག་ཆེད་དུ་ཨ་སྒོར་དུང་ཕྱུར་༨༣་འགྲོ་གྲོན་འཕར་སྣོན་སྤྲད་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་མོས་མཐུན་ཡོད་པའི་མཚན་རྟགས་བཀོད། མདང་དགོང་གསར་དུ་ཁྱབ་སའི་ཨ་རིའི་མངའ་སྡེ་ཁག་ནི་ཕན་སིལ་ཝྭེ་ཎི་ཡ་དང་མཱེ་རི་ལན་ཌི། ཁོ་ལོ་ར་ཌོ་བཅས་ཡིན་རུང་ཨ་མི་རི་ཀའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་ཡུལ་གཙོ་བོ་གཉིས་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་མངའ་སྡེ་དང་ཁེ་ལི་ཧྥོར་ཎི་ཡ་གཉིས་ཡིན་ཞིང་། ཨ་རིའི་དབུས་གཞུང་དང་མངའ་སྡེ་ཁག་གིས་ཏོག་དབྱིབས་རིམས་ནད་འགོས་པར་དོགས་པ་ཡོད་པའི་མི་ཚང་མར་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པས་ནད་དུག་འགོས་ཡོད་པའི་ནད་པའི་གྲངས་འབོར་ཉུང་ཤས་ལས་མེད། འོན་ཀྱང་རིམ་བཞིན་ཨ་རིའི་མངའ་སྡེ་ཁག་གིས་རིམས་ནད་འགོས་ཟིན་པའི་དོགས་པ་ཡོད་ཚད་ཀུན་ལ་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས་ན་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པའི་གྲངས་འབོར་ལྡབ་མང་པོ་འཕར་སྣོན་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག ད་སྔ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༠༠༠༠༠་ལྷག་ཡོད་པ་དང་ཉུང་མཐར་ཡང་མི་༣༣༨༣་ལ་འཆི་སྐྱོན་བྱུང་ཡོད་པ་རེད།།

XS
SM
MD
LG