ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།


༄༅།། ཕྱི་ཟླ་༧་པའི་ཚེས་༦་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་རྒྱལ་བའི་ཕོ་བྲང་དུ་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་དང་འཕྲིན་སྐུལ་གཟབ་རྒྱས། ས་གནས་གཞིས་འགོ་དང་ས་གནས་དགོན་སྡེ་ཁག སློབ་གྲྭ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག་གི་ལས་སྣེ་རྣམས་དང་གྲོང་སྡེ་ཁག་གི་སྤྱི་མི་བཅས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་དང་རྟེན་འབྲེལ་གྱི་མཇལ་དར་ཕུལ། སྐུ་ཞབས་དོན་གྲུབ་རྒྱལ་པོས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱང་། ད་ལོ་བོད་མིའི་སྒྲིག་འཛུགས་ཀྱིས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ལས་ཁུངས་ཀྱི་ལས་བྱེད་པ་དོན་གྲུབ་རྡོ་རྗེས་༢༥་ལྷག་ལ་སྲི་ཞུ་བསྒྲུབས་པར་ལེགས་གསོལ་བསྔགས་བརྗོད་ཀྱི་གཟེངས་བསྟོད་དང་ཕྱག་ཁྱེར་སྤྲད། སེར་བྱེས་གྲྭ་ཚང་གིས་སྦེལ་ཀོབ་གཞིས་ཆགས་ཁུལ་གྱི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཁག་གི་སློབ་ཕྲུག་༡༧་ལ་མཐོ་སློབ་ཀྱི་སློབ་ཡོན་རོགས་རམ་དང་བགྲེས་སོང་༣་ལ་འཚོ་སྣོན་རོགས་རམ་གནང་ཡོད་པར་མ་ཟད། ཕོ་བྲང་གི་སྐྱེད་ཚལ་དུ་རྒྱལ་བའི་འཁྲུངས་སྐར་གྱི་ལྗོན་ཤིང་འདེབས་འཛུགས། མ་ཎི་ཡིག་དྲུག་ཆིག་སྟོང་རེ་གྲངས་གསོག་གནང་ཡོད་པ་རེད།།

འཁྲུངས་སྐར་གྱི་གོ་སྐབས་ལ་བསྟུན་ནས་ཏོག་དབྱིབས་ནད་ཡམས་དུས་འཚོ་བར་དཀའ་ངལ་འཕྲད་བཞིན་པའི་སྤེལ་ཀོབ་གཞིས་ཆགས་གཉིས་ཀྱི་ཁྱིམ་ཚང་༡༡༧་ལ་ཁྱིམ་ཚང་རེར་བོད་མིའི་སྒྲིག་འཛུགས་ཀྱིས་ཧིན་སྒོར་ཁྲི་གཅིག་རེའི་འཚོ་སྣོན་རོགས་རམ་གནང་སོང་། རོགས་དངུལ་དེ་རྣམས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཐང་གསག་སྒོ་མོ་རིན་པོ་ཆེས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་འབུམ་བརྒྱ་དང་བཅུ་གསུམ་ཞལ་འདེབས་གནང་བ་རྣམས་མང་ཚོགས་ལ་བགོ་འགྲེམ་བྱས་འདུག སྒོ་མོ་རིན་པོ་ཆེ་དངོས་སུ་གདན་འདྲེན་ཞུས་ཏེ་རོགས་དངུལ་རྣམས་སྤྲད། གཞིས་ཆགས་གཞན་ཁག་ཏུའང་རོགས་དངུལ་རྣམས་རིམ་བཞིན་བགོ་འགྲེམ་བྱ་རྒྱུ་གཏན་ཁེལ་འདུག

ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྫོང་ཆོས་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་གིས་ཀྱང་རྒྱལ་བའི་འཁྲུངས་སྐར་ཉིན་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་སླད་ས་གནས་ཀྱི་བོད་པ་དང་རྒྱ་གར་མི་མང་བཅས་མི་གྲངས་༡༡༡༣་ལ་སྐམ་ཟས་བགོ་འགྲེམ། ཧུན་སུར་གྲོང་སྡེའི་ས་གནས་སྤྱི་ཁྱབ་པ་མན་ཇཱུ་ན་ཏ་འཁྲུངས་སྐར་མཛད་སྒོར་གདན་འདྲེན་ཞུས་ནས་འཚམས་འདྲིའི་གསུང་བཤད་གནང་ཞིང་། ལྷོ་ཕྱོགས་གཞིས་ཆགས་གཞན་ཁག་དང་བོད་པ་གནས་ཡུལ་ས་གནས་ཚང་མར་རྣམ་པ་འདྲ་མིན་གྱི་སྒོ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ཆུ་དབར་ལྷག་པ་ཚེ་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༠་ལོའི་སྲི་ཞུའི་འགན་འཛིན་སྡེ་ཚན་ཁོངས་ནས་བྱས་རྗེས་གཟེངས་ཐོན་པའི་གཟེངས་བསྟོད་ཐོབ་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG