ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

༧གོང་ས་མཆོག་གི་འཁྲུངས་སྐར་ལ་བལ་པོའི་ཉེན་རྟོག་པས་དམ་དྲག


༄༅།། དེ་རིང་ཕྱི་ཚེས་༦་ཉིན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་ཞིང་། འདི་ག་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་གཞུང་འབྲེལ་གྱི་འཁྲུངས་སྐར་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཐུབ་སོང་ཞེས་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོས་གསུངས་སོང་། ཁོང་གིས་ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་མཛད་སྒོ་ནི་རྒྱལ་ས་དང་འཕགས་པ་ཤིང་ཀུན། མཆོད་་རྟེན་དང་འཇོལ་ལ་ཁེལ་བཅས་སུ་རེས་མོས་ཀྱིས་བཀོད་སྒྲིག་བྱེད་བཞིན་ཡོད་ཀྱང་སྔ་ལོ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་དམངས་འདུ་འཛོམ་མ་བྱུང་ཞིང་། ད་ལོ་ཡང་ས་གནས་སོ་སོའི་གནད་ཡོད་མི་སྣ་ཁག་ཅིག་གཞི་ལས་ཁང་དུ་འདུ་འཛོམས་ཀྱིས་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ་ཡིན་ཞེས་བཀྲལ།། མཆོད་རྟེན་དང་འཇོར་པ་ཊྲེ་ས་གནས་ཚོགས་ཁང་དུ་ཞོགས་པ་སྔ་མོར་མཛད་སྒོ་སྟབས་བདེ་ཞིག་བཀོད་སྒྲིག་བྱས་ཏེ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་དོན་ལྡན་གྱིས་གཏམ་བཤད་བྱས་སོང་། མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དང་གཞུང་གི་ལས་ཁུངས་སྒོ་ཁར་བལ་ཡུལ་གཞུང་གི་དམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ཡོད་པར་མ་ཟད། ཞོགས་པ་སྔ་མོ་མཆོད་རྟེན་ལ་ཕྱག་དང་སྐོར་བ་བྱེད་མཁན་རྣམས་ཀྱང་དམག་མིས་བཀག་འགོག་བྱས་ནས་འགྲོ་རུ་བཅུག་མེད་ཅིང་།

བལ་ཡུལ་དུ་ཕྱི་ཟླ་༧་པའི་ཚེས་༣་ནས་འགྲོ་འོང་བཀག་སྡོམ་ལྷོད་ཡངས་ཅུང་ཟད་བཏང་རུང་འཁྲུངས་སྐར་ཉིན་བོད་པའི་ཟ་ཁང་དང་ཚོང་ཁང་རྣམས་སྒོ་བརྒྱབ་སྟེ་རང་ཁྱིམ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་དགའ་སྟོན་དང་སྲུང་བརྩི་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG