ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།


༄༅།། དེ་རིང་ཕྱི་ཟླ་༧་པའི་ཚེས་༦་གི་ཉིན་མོ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་ཞིང་། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་གཞིས་བྱེས་གཉིས་སུ་འཁོད་པའི་བོད་པ་དང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་དད་ལྡན་མང་ཚོགས་བཅས་ཀྱིས་དགའ་སྟོན་དང་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། ད་ལྟའི་དུས་སྐབས་སུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ཀྱི་ནད་རླབས་གཉིས་པ་འཇོམས་ཀྱི་ཡོད་ཀྱང་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་ཉེན་ཁ་ཡོད་པས་བཞུགས་སྒར་རྡ་རམ་ས་ལར་ཁྲིམས་ཞིབ་པ་རྣམས་དང་སྲིད་སྐྱོང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་སྲིད་སྐྱོང་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་སོང་།།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་གསུང་འཕྲིན་ནང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་བལྟམས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་བོད་པ་ཙམ་མ་ཟད། འཛམ་གླིང་གི་སྐྱེ་འགྲོ་སྤྱི་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས། ༧གོང་ས་མཆོག་སྐུ་ན་ཕྲ་དུས་སུ་བོད་ལ་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོར་ཕྲད་ཀྱང་ཞུམ་པ་མེད་པར་གདོང་ལེན་མཛད། བོད་འབངས་ཡོངས་ཀྱི་བདེ་དོན་སླད་མཛད་ཁུར་རིམ་བཞེས་ཀྱིས་ལེགས་བཅོས་གནང་བ་རྣམས་ངོ་སྤྲོད། བོད་པ་ཚང་མས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་དྲན་དགོས། གཙོ་བོ་ནི་རྒྱལ་བའི་བཀའ་དགོངས་བཞིན་ཉམས་ལེན་ཐུབ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་གསུངས་འདུག

ཉེ་ཆར་སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཚོས་དམ་འབུལ་ཞུ་སྟངས་འགྲིག་མིན་གྱི་རྩོད་གླེང་བྱུང་སྟེ་ད་ལོའི་གཞུང་འབྲེལ་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་དང་མཛད་སྒོའི་ཐོག་ཏུ་སྐུ་ཚབ་མེད་པ་ཐོག་མ་དེར་གྱུར། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་༦༠་ལྷག་ལ་སྐུ་ངལ་ཚད་མེད་བསྐྱོན་ནས་དམངས་གཙོའི་ལམ་ལུགས་གསར་གཏོད་འཐུས་ཚང་གནང་བའི་སྒྲིག་འཛུགས་ནི་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་མཆེད་པའི་ཐུན་མོང་གི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྒྲིག་འཛུགས་འདིའི་བསྒྲུབ་བྱ་ནི་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་མེད་ཀྱི་ཁེ་ཕན་བསྒྲུབ་རྒྱུ་དེ་ཡིན་པས་སྒྲིག་འཛུགས་འདི་ཚགས་ཚུད་ཡར་རྒྱས་ཡོང་བར་གང་ཟག་གིས་དབང་སྒྱུར་མ་ཡིན་པར་ཁྲིམས་ཀྱིས་དབང་སྒྱུར་བྱེད་དགོས། ཁྲིམས་ཀྱི་དབང་སྒྱུར་ནི་སྤྱི་སྙོམས་དྲང་བདེན་གྱི་དམ་བཅའ་དང་པོ་དེ་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་དམངས་གཙོའི་སྲོག་ཤིང་ཡིན་པས་སྲོག་ཤིང་དོར་བའི་དམངས་གཙོ་ནི་སྤྱི་ཚོགས་སུ་འཚོ་གནས་ཐུབ་པའི་གཞི་རྟེན་མེད་པ་ཚང་མས་དགོངས་འཇགས་ཞུ་ཞེས་འབོད་སྐུལ་ཞུས།།

དེ་རིང་གི་གཞུང་འབྲེལ་མཛད་སྒོ་དེར་སྲིད་སྐྱོང་ཚོགས་ཁང་དུ་གཞུང་གི་ལས་ཀྱི་སྣེ་མོ་བ་ཉུང་ཤས་ལས་མེད་ཀྱང་མཛད་སྒོའི་ཐོག་ཏུ་༧གོང་ས་མཆོག་གིས་དྲྭ་ལམ་དུ་འཁྲུངས་སྐར་དུས་ཆེན་ལ་དགོངས་ནས་སྩལ་བའི་གསུང་འཕྲིན་རྒྱང་སྲིང་ཞུས། བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་རྣམས་ཀྱང་དྲྭ་ལམ་དུ་བསྟན། བོད་ཀྱིས་ཟློས་གར་ཚོགས་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་དམིགས་བསལ་ཆེད་སྒྲིག་གཞས་སྣ་གཉིས་གཟིགས་འབུལ་ཞུས་སོང་བར་མ་ཟད། བོད་ཀྱི་གཞས་པ་གཞས་མ་ཁག་ཅིག་གིས་རྟེན་འབྲེལ་གྱི་གཞས་སྣ་འཁྲབ་སྟོན་བྱས་པ་རྣམས་ཀྱང་དྲྭ་ལམ་དུ་བསྟན་སོང་། དེ་རིང་འཁྲུངས་སྐར་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་ལ་ལོ་༢༥་ལྷག་ལ་ཞབས་འདེགས་ཞུས་པའི་སྲི་ཞུ་ལས་བྱེད་པ་དྲུག་ལ་ཁྲིམས་ཞིབ་པ་ཆེ་བས་གཟེངས་རྟགས་སྤྲད། སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་གཉིས་ལ་གཟེངས་ཐོན་བྱ་དགའ་སྤྲད་སོང་།།

རྒྱ་གར་གྱི་སྲིད་བློན་མོ་དྷིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ། མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཅིང་སྐུ་ཁམས་བདེ་ཐང་ཡོང་བར་སྨོན། ༧གོང་ས་མཆོག་ལ་ཞལ་པར་ཐོག་ཏུ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཞིག་སྤེལ་འདུག དེ་བཞིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་གཉིས་དང་མངའ་སྡེའི་བདུན་གྱི་སྤྱི་ཁྱབ་བློན་ཆེན་ནམ། ཡང་ན་འབྲེལ་ཡོད་ལས་རིགས་ཁག་གི་བློན་ཆེན་ཚོས་ཀྱང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚསམ་འདྲི་ཞུས། བལ་ཡུལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་དང་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་བཅས་ཀྱིས་ཀྱང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG