ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་དང་ཆོས་དཔོན་ཆེན་མོ་ཐུ་ཐུ་གཉིས་མཇལ་འཕྲད།


༄༅།། ཕྱི་ཟླ་༧་པའི་ཚེས་༡་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཆེན་མོ་ཌེ་སི་མོན་ཐུ་ཐུ་རྣམ་གཉིས་དྲྭ་ལམ་དུ་མཇལ་འཕྲད་གནང་ཡོད་ཅིང་། ལོ་དྲུག་གི་སྔོན་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྐབས་སུ་དབུ་ཁྲིད་རྣམ་གཉིས་ཀྱིས་བདེ་སྐྱིད་ཀྱི་དཔེ་དེབ་ལྗགས་རྩོམ་མཛད་པར་༧གོང་ས་མཆོག་དང་ཌེ་སི་མོན་ཐུ་ཐུང་རྣམ་གཉིས་བཞུགས་སྒར་དུ་བདུན་ཕྲག་གཅིག་ལ་བཞུགས་ཏེ་མཇལ་འཕྲད་བྱུང་། སྐབས་དེའི་བྱུང་བ་དང་བཅར་དྲི་ཁག་བརྙན་འཕྲིན་དུ་ཕབ་ནས་བདེ་སྐྱིད་ཀྱི་ལས་འགན་ཞེས་ཕྱོགས་སྒྲིག་བྱུང་སྟེ་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་གནང་འདུག ཉེ་ཆར་ཕྱི་ཟླ་༦་པའི་ནང་དུ་བདེ་སྐྱིད་ཀྱི་ལས་འགན་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་ཕུད་ཞུས་ཏེ་ཕྱི་ཟླ་༦་པའི་ཚེས་༢༤་ཉིན་དབུ་ཁྲིད་རྣམ་གཉིས་དྲྭ་ལམ་དུ་མཇལ་འཕྲད་ཀྱིས་གློག་བརྙན་འདི་བཟོ་སྐྲུན་གནང་མཁན་ཚོར་ལེགས་གསོལ་དང་གློག་བརྙན་འདི་བརྒྱུད་ནས་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ཐུགས་སྨོན་མཛད།།

འདི་གའི་གསར་འགོད་པས་གློག་བརྙན་བཟོ་སྐྲུན་དང་བཀོད་སྒྲིག་ཐད་འཛམ་གླིང་གི་བྱ་དགའ་གྲགས་ཅན་སྣ་མང་བཞེས་མྱོང་མཁན་ཕེ་གྷི་ཁེ་ལཱ་ཧན་ལ་ཞལ་པར་བརྒྱུད་ནས་འབྲེལ་བ་ཞུས་ཏེ་བདེ་སྐྱིད་ཀྱི་ལས་འགན་ཞེས་པའི་གློག་བརྙན་སྐོར་བཅར་འདྲི་ཞུས། ཁོང་གིས་གློག་བརྙན་འདི་༧གོང་ས་མཆོག་དང་ཆོས་དཔོན་ཆེན་མོ་ཐུ་ཐུ་རྣམ་གཉིས་ཀྱིས་རྟག་ཏུ་ཕན་ཚུན་སྐུ་རྩེད་གནང་ནས་ཞལ་ཤོབ་མཛད། ཁོང་རྣམ་པས་ཕན་ཚུན་མཛའ་བརྩེ་དང་གུས་བརྩི་ཞུ་བཞིན་པའི་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་གཟིགས་ཐུབ། དབུ་ཁྲིད་རྣམ་གཉིས་ཀྱི་སྐུ་ཚེའི་ནང་དུ་སྐུ་ངལ་ཚད་མེད་ཕྲད་ཀྱང་འགྲོ་བ་མི་ལ་སྤྱི་ཕན་བསྒྲུབ་རྒྱུར་རྟག་ཏུ་བདེ་སྐྱིད་དང་ཞལ་ཤོབ། དེ་བཞིན་བྱམས་བརྩེ་ཁོ་ནའི་འཚོ་བ་ཞིག་རོལ་བཞིན་པའི་མཛད་པ་དམིགས་བསལ་ཅན་དང་ཁྱད་པར་བ། གསང་བའི་མཛད་པ་ཁག་ཅིག་ཀྱང་གློག་བརྙན་འདིའི་ནང་དུ་གསལ་པོར་འདུས་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ཕེ་གྷི་ཁེ་ལཱ་ཧན་གྱིས་མུ་མཐུད་དུ་བརྗོད་དོན་ལྟར་ན། ༧གོང་ས་མཆོག་དང་ཆོས་དཔོན་ཆེན་མོ་ཐུ་ཐུ་གཉིས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་ལས་གཞི་འདིར་ནུབ་ཕྱོགས་པ་དང་རྒྱ་གར་བ། བོད་པ་བཅས་མི་རིགས་སྣ་མང་གིས་ལས་དོན་མཉམ་སྒྲུབ་བྱས་ཐུབ་ཡོད་པར་མ་ཟད། འཛམ་གླིང་གི་གློག་བརྙན་བཟོ་སྐྲུན་མཁས་པ་སྙན་གྲགས་ཅན་མང་པོས་ནུས་པ་མཉམ་སྤུངས་ཀྱིས་གློག་བརྙན་འདི་བཟོ་སྐྲུན་ཐུབ་སོང་། ད་ལྟ་འཛམ་གླིང་ཡོངས་སུ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པའི་དུས་འདིར་མང་ཚོགས་གང་མང་ཞིག་ལ་གློག་བརྙན་འདི་སྟོན་ཐུབ་ཐབས་སུ་གློག་བརྙན་དུས་སྟོན་ཁག་ཏུ་གཟིགས་འབུལ་ཞུ་རྒྱུ་འགོ་ཚུགས་ཏེ་རིམ་བཞིན་འཛམ་གླིང་ཡོངས་སུ་བརྙན་འཕྲིན་བརྒྱུད་ནས་གཟིགས་འབུལ་ཞུ་ཐུབ་པའི་རེ་བ་ཡོད། ས་གནས་སོ་སོར་གློག་བརྙན་འདི་བལྟ་འདོད་ཡོད་མཁན་ཚོས་Missionjoy.org་དྲྭ་ཚིགས་སུ་འབྲེལ་བ་བྱས་ནས་བལྟ་ཐུབ་པའི་མཐུན་རྐྱེན་བསྐྲུན་འཆར་ཡོད་ཅེས་ངོ་སྤྲོད་གནང་འདུག

གློག་བརྙན་འདིར་ལམ་ལྷོངས་ཡོང་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་དཔོན་ཆེན་མོ་ཐུ་ཐུ་རྣམ་གཉིས་དྲྭ་ལམ་དུ་མཇལ་འཕྲད་གནང་སྟེ་༧གོང་ས་མཆོག་གིས་ང་ཚོ་རྒྱང་ཐག་རིང་པོར་བཞུགས་ཡོད་ཀྱང་དྲྭ་ལམ་དུ་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་སླར་ཡང་དྲྭ་ལམ་དུ་མགྱོགས་མྱུར་མཇལ་འཕྲད་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG