ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་དམར་ཤོག་ཚོགས་པའི་དགའ་སྟོན་ལ་དོན་སྙིང་མི་འདུག་ཟེར།


༄༅།། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་ཆེན་ཞེས་དགའ་སྟོན་བྱེད་ཀྱི་ཡོད་ཀྱང་སོ་སོས་སྐྱོང་བའི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་བསྐྲུན་མ་ཐུབ་པར་དགའ་སྟོན་བྱེད་ཀྱི་ཡོད་པ་དེར་དགོས་པ་གང་ཡང་མཐོང་གི་མི་འདུག་ཅེས་ཕྱི་ཟླ་༧་པའི་ཚེས་༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་གསར་འགོད་ལྷན་ཚོགས་ཐོག་ཏུ་གསུངས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ངོས་སུ་དར་དམར་གྱི་འོད་སོགས་བཏང་ནས་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་བརྙན་པར་རྣམས་སྤྱི་ཚོགས་དྲྭ་ལམ་དུ་འཐོན་བཞིན་པར་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ལ་བརྡ་ལན་ཅི་ཡོད། རྒྱ་ནག་མི་དམངས་གཙོས་བོད་པ་དང་ཡུ་གུར། སོག་པོ་དང་ཧོང་ཀོང་བཅས་ལ་རྒྱ་ནག་གཞུང་གིས་བདེ་སྐྱིད་བསྐྲུན་ཐུབ་ཡོད་མེད་དྲིས། སྲིད་སྐྱོང་གིས་བོད་པའི་མངོན་འདོད་ནི་ཕྱིའི་འཛུགས་སྐྲུན་ལས་ཀྱང་བསམ་བློའི་ནང་དུ་གང་ཡོད་པ་རྣམས་རྟོགས་མ་ཐུབ་ན་དགའ་སྟོན་ཞུ་དགོས་པའི་རྒྱུ་མཚན་མི་འདུག་ཅེས་ལན་འདེབས་གནང་སོང་།།

གཞན་ཡང་ཉེ་དུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་གནས་སྤོར་གསལ་བསྒྲགས་སུ་ཕྱི་ཟླ་བདུན་པའི་ཚེས་༡་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེར་བསྐོ་བཞག་གནང་བ་དང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིར་བསྐྱར་ཞིབ་གནང་གི་ཡོད་མེད་སོགས་དྲིས་པར་སྲིད་སྐྱོང་གིས་མཛད་ཁུར་བཞེས་པའི་ཉིན་མོ་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དང་ཕྱི་རྒྱལ་གྱི་དཔོན་རིགས་ཁག་ལ་འབྲེལ་བ་བྱེད་ཕྱོགས། དེ་བཞིན་བོད་མི་དམངས་དང་སྒྲིག་འཛུགས་ཀྱི་འབྲེལ་མཐུད་བཅས་པ་གཙིགས་སུ་འཛིན་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་བཞིན་ལས་དོན་དེའི་ཆ་ཤས་སུ་བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་གཏན་འཇགས་ཚོགས་ཆུང་ཞིག་ཆེད་འཛུགས་བྱེད་བཞིན་ཡོད་ཅེས་ལན་འདེབས་གནང་སོང་།།

གསར་འགོད་པས་སྲིད་སྐྱོང་ལ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དམ་བཅའ་འབུལ་ཕྱོགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀའ་ངལ་འཕྲད་བཞིན་ཡོད་པ་དེས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ལས་དོན་ལ་དཀའ་ངལ་ཅི་ཡོད། སྲིད་སྐྱོང་གིས་དཀའ་ངལ་དེ་དག་སེལ་ཐབས་སུ་ཐུགས་འགན་བཞེས་རྒྱུའི་དགོངས་པ་གང་ཡོད་དྲིས་པར་གནད་དོན་འདིར་སྤྱི་ཡོངས་ཀྱི་གཟིགས་ཚུལ་དང་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི། སྲིད་འཛིན་དང་གྲོས་ཚོགས་གཉིས་ཀའི་ལམ་ལུགས་མིན་པར་མང་གཙོའི་ཀ་བ་གསུམ་དབང་ཆ་འདྲ་མཉམ་གྱི་སྟངས་འཛིན་ལམ་ལུགས་ཤིག་ཡིན་ཞིང་། བཅའ་ཁྲིམས་ནང་དུ་བཀའ་ཤག་གིས་ཁྲིམས་ཞིབ་ཁང་དང་ཁྲིམས་བཟོ་ལྷན་ཁང་གཉིས་ལ་ཐེ་ཇུས་བྱེད་ཆོག་པའི་འགན་དང་དབང་ཚད་གཉིས་ཀ་མི་འདུག་ཅེས་ཞིབ་ཕྲ་ངོ་སྤྲོད་གནང་བར་མ་ཟད། ད་ལྟའི་འཛམ་གླིང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་ནས་བོད་ཀྱི་གནད་དོན་ཐད་གོ་སྐབས་ཆུད་ཟོས་སུ་གཏོང་ཐབས་མེད། གལ་ཏེ་འབོད་སྐུལ་གནང་མཁན་བྱུང་ན་འདིའི་ཐད་ཐག་གཅོད་ཇི་ལྟར་བྱ་འཆར་ཡོད་མེད་རྣམས་གསུངས་སོང་།།

དེ་རིང་གི་མཛད་རིམ་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོར། ཁོང་གིས་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་ཐུགས་འགན་གཅིག་ལྕོག་བཞེས་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་པ་ཡོངས་བསྒྲགས་སུ་ངོ་སྤྲོད་གནང་སྟེ་རིམ་བཞིན་ལྷན་ཁང་ཁག་གི་མགྲིན་ཚབ་པ་བསྐོ་བཞག་གནང་རྒྱུ། མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་དབྱིན་བོད་སྐད་གཉིས་ཀྱིས་དོགས་འདྲི་ཞུ་རྒྱུའི་ལྡིངས་ཆ་ཞིག་ཀྱང་བསྐྲུན་འཆར་ཡོད་ཅེས་གསུངས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG