ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཚོ་བཙན་གྱིས་དམར་ཤོག་ཚོགས་པའི་དགའ་སྟོན་ལ་ཞུགས་བཅུག་པ།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ས་ཡོངས་སུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དགའ་སྟོན་ཁག་ལ་མཉམ་ཞུགས་བྱ་དགོས་ཞེས་བཙན་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ལྷ་སར་གཏན་སྡོད་བྱེད་མཁན་བོད་པ་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་གླུ་ལེན་གར་འཁྲབ་ཀྱི་དུས་སྐབས་ཡིན་ཞེས་པོ་ཏ་ལའི་མདུན་ཐང་དང་གཙུག་ལག་ཁང་གི་མདུན། བར་སྐོར་བཅས་སུ་དམག་ཆས་གྱོན་ཡོད་མེད་གཉིས་ཀ་ཕོན་ཆེན་ཞིག་འགྲེམ་འཇོག་བྱས་ནས་དམ་དྲག་ནན་པོ་བྱེད་བཞིན་འདུག མི་ཚོགས་འདུ་ཡུལ་ཁག་ཏུ་གཞས་གཏོང་བ་དང་བྲོ་འཁྲབ་པ། རྒྱ་ལམ་དང་མི་ཚོགས་འདུ་སའི་གཡས་གཡོན་ཀུན་ཏུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་ནས་ལོ་བདུན་བཅུ་འཁོར་བ་ཞེས་བྲིས་པའི་ཡིག་བྱང་རྣམས་གང་སར་སྦྱར་འདུག ཉིན་ལྟར་ཞོགས་པ་སྔ་མོ་ནས་རྒྱང་བསྒྲགས་ཁང་གིས་རྒྱ་ནག་གི་རྒྱལ་གླུ་གཏོང་བ་དང་བོད་པ་ཚོས་མི་འདོད་པའི་རྣམ་འགྱུར་སྟོན་མི་ཕོད་པ། ལྷ་སའི་ཉེ་འཁོར་གྱི་གྲོང་དང་གྲོང་སྡེ། རྫོང་ཁག་སོ་སོར་གླུ་གཞས་ལེན་པ་དང་བྲོ་འཁྲབ་ནས་དགའ་སྟོན་བྱེད་དུ་འཇུག་གི་འདུག རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་པ་ཚོས་ངོ་རྒོལ་བྱེད་མི་ཡོང་ངམ་སྙམ་སྟེ་དོགས་ཟོན་བྱས་ནས་དམ་དྲག་ནན་པོ་བྱེད་ཀྱི་འདུག་ཅེས་བཤད།།

དེང་སྐབས་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་ཁྱབ་བཞིན་པའི་བརྙན་ཐུང་དུམ་བུ་ཁ་ཤས་ཡོད་པ་དེ་དག་གི་ནང་དུ་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་མདུན་གྱང་ངོས་སུ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བ་ཞེས་བྲིས་པའི་ཡིག་བྱང་ཆེན་པོ་ཞིག་བཀལ་ཡོད་ཅིང་། བོད་པ་ཞིག་གིས་བརྙན་ཐུང་དེའི་ནང་དུ་རྒྱ་ནག་གུང་ཁྲན་ཏང་གིས་ཧམ་སེམས་ཆེན་པོའི་བྱེད་སྟངས་འདིར་ལྟོས་དང་། རྒྱ་ནག་དུ་བསླེབས་པ་ལྟ་བུའི་ཚོར་སྣང་ཞིག་སྟེར་གྱི་འདུག ལྷ་སའི་ཞོལ་གྱི་ཐང་ཆེན་ནས་ཚུར་ཡོང་ན་སྐོར་བར་འགྲོ་མི་ཆོག་པར་བཀག་སྡོམ་བྱེད་ཀྱི་འདུག ཚང་མའི་ལྟོས་དང་། ང་ཚོ་སེམས་ཕངས་ཀྱི་འདུག་ཅེས་ངུ་སྐད་སྒྲོགས་ཀྱི་ཡོད་པ་གསལ་པོར་གོ་ཐུབ། དེ་བཞིན་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཕྱོགས་བཅས་ཀྱི་བོད་ས་ཁག་ཏུའང་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་སྟེ་བོད་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ལ་དགའ་བསུ་ཞུ་རུ་འཇུག་གི་འདུག་ཅེས་མི་གཞན་ཞིག་གིས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་གཙོ་བོ་མི་ཚོགས་འདུ་འཛོམ་དང་འཁྲབ་སྟོན། གཏམ་བཤད་དང་ཁྱབ་བསྒྲགས་བཅས་ལ་མཉན་ནས་མཉམ་ཞུགས་བྱེད་དགོས་ཀྱི་འདུག དེ་དག་ཐམས་ཅད་རྒྱ་གཞུང་གིས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་ལས་མང་ཚོགས་རང་མོས་ཀྱིས་འདུ་འཛོམ་བྱས་པ་ཞིག་མ་རེད། བོད་པ་ཚོས་རྒྱ་ནག་གཞུང་གི་བཀོད་སྒྲིག་ལ་ངེས་པར་དུ་ཉན་དགོས་ཀྱི་འདུག འཁྲབ་སྟོན་བྱ་ཡུལ་ཡོངས་སུ་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་བསྔགས་རྐྱང་རྐྱང་བྲིས་འདུག དམར་ཤོག་ཚོགས་པར་ཞུགས་ནས་ལོ་མང་འགོར་བའི་ཚོགས་མི་རྒན་པ་ཚོར་བཅར་འདྲིའི་ཟོལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་བསྔགས་བྱེད་དུ་འཇུག་གི་འདུག ཁོ་ཚོས་མི་དམངས་ལ་རྟག་ཏུ་དམར་ཤོག་ཚོགས་པའི་རྗེས་སུ་འབྲང་དགོས་ཞེས་སྐུལ་ལྕག་གཏོང་འདུག ས་ཁུལ་སོ་སོར་སྔར་དང་མ་འདྲ་བར་ཉེན་རྟོག་པ་འགྲེམ་འཇོག་བྱ་རྒྱུ་མང་དུ་བཏང་སྟེ་མིའི་འགྲོ་འོང་ལ་དམ་དྲག་དང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག་བཅས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ཀུན་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG