ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར།


༄༅།། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཆོས་ལུགས་པའི་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ད་ལོ་ནས་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་བཅུག་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་ལ་གྲྭ་བཙུན་ཆོས་ཞུགས་ཀྱི་གྲངས་འབོར་ཞིབ་བཤེར་དང་ལོ་ན་༡༨་ཡན་ཆད་ཀྱི་གྲྭ་བཙུན་ཚོར་ཆོས་ལུགས་པའི་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་བྱེད་བཞིན་ཡོད་ཅིང་། སྔོན་ཆད་ལོ་༡༨་ལ་སོན་པའི་གྲྭ་བཙུན་ཚོར་དགོན་པའི་དོ་དམ་ཁང་བརྒྱུད་ནས་ཆོས་ལུགས་ལས་དོན་ཁང་གིས་ཆོས་ལུགས་པའི་ལག་འཁྱེར་བཟོ་རྒྱུར་དཀའ་ངལ་གང་ཡང་མེད། དགོན་སྡེ་ཁག་གིས་གྲྭ་བཙུན་ཅི་ཙམ་ལ་ལག་འཁྱེར་བཟོ་དགོས་ཀྱང་བཟོ་ཐུབ། ན་ནིང་ལོ་མཇུག་ཏུ་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་བསྡུས་པའི་རྫོང་ཁག་༡༨་ཀྱི་དགོན་པའི་བླ་སྤྲུལ་དང་དགེ་འདུན་པའི་འཐུས་མི་རྣམས་ཚོགས་འདུར་བསྐོངས། སྐབས་དེར་རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་དང་དགེ་འདུན་པའི་སྟེང་དུ་ལག་ལེན་བསྟར་རྒྱུའི་སྲིད་ཇུས་ཤིག་གཏན་ལ་ཕབ། ད་ལོ་ནས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བསྡུས་པའི་དགོན་སྡེ་ཁག་ཏུ་ལོ་རེར་དགེ་འདུན་པ་བཅུ་ནས་བཅོ་ལྔ་ཙམ་ལ་མ་གཏོགས་ཆོས་ལུགས་པའི་ལག་འཁྱེར་སྤྲོད་མི་ཆོག་པ་བཟོས་འདུག དགོན་པ་ལ་ལར་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་་ཡོད་ཀྱང་རྒྱ་གཞུང་གིས་ཆོས་ལུགས་པའི་ལག་འཁྱེར་མི་༡༥་ལ་མ་གཏོགས་བཟོ་རྒྱུ་མིན་པའི་ཚོད་འཛིན་བྱེད་ཀྱི་ཡོད་པས་དཀའ་ངལ་འཕྲད་བཞིན་འདུག ལྷག་པར་དུ་སྔོན་ཆད་རྩོམ་ཡིག་བྲིས་པ་དང་གཏམ་བཤད་བྱས་པ། ཞི་རྒོལ་ལས་འགུལ་ཁག་ལ་ཞུགས་ནས་བོད་དོན་གླེང་སློང་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་ཐེབས་མྱོང་མཁན་གྱི་གྲྭ་བཙུན་ཚོ་མིང་གཞུང་ནག་པོར་ཐོ་འགོད་བྱེད་ཀྱི་འདུག་ཅེས་བརྗོད་འདུག

བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་གྱིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་ས་ཁག་ཏུ་སློབ་གྲྭའི་དབྱར་དགུན་གཉིས་ཀྱི་གུང་སེང་དུས་སུ་དགོན་སྡེ་ཁག་ཏུ་བོད་ཀྱི་རིག་གནས་ཟབ་སྦྱོང་གི་འཛིན་གྲྭ་འཚོགས་མི་ཆོག་པའི་བཀག་འགོག་བྱེད་ཀྱི་འདུག་ཅེས་བཤད། དེ་བཞིན་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བསྡུས་པའི་དགོན་པ་ཞིག་གི་འགན་ཁུར་མི་སྣས་ལྷ་སའི་ཕྱོགས་སུ་གྲྭ་བཙུན་གྱི་གྲངས་འབོར་ཚོད་འཛིན་དང་བོད་ཡིག་ལས་རྒྱ་ཡིག་གཙོ་བོར་འཛིན་དགོས་བའི་སྲིད་ཇུས་ཁྱབ་སྤེལ་བྱས་པ་རེད། ད་ལྟ་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་བོད་པའི་དགོན་སྡེ་ཁག་ལའང་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་པའི་སྒང་རེད། གཙོ་བོ་དགོན་པའི་ཆོས་ལུགས་བྱེད་སྒོ་དང་བོད་ཀྱི་རིག་གནས་ཟབ་ཁྲིད། སྐད་ཡིག་རིག་གནས་ཀྱི་བགྲོ་གླེང་འཚོགས་དགོས་ན་རྒྱ་གཞུང་ལ་ཆོག་མཆན་ཞུ་དགོས་པར་མ་ཟད། རྒྱ་གཞུང་གི་ཆོག་མཆན་མེད་པར་ལས་དོན་སྣ་གཅིག་ཀྱང་སྒྲུབ་ཆོག་གི་མི་འདུག ལྷག་པར་དུ་རྒྱ་ནག་གི་དུས་ཆེན་ཁག་གི་སྐབས་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཆོག་གི་མ་རེད། གལ་ཏེ་སྤེལ་ན་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་དགོས་པ་དང་རྩ་འཛིན་ལམ་སྟོན་ལྟར་ཆོས་ལུགས་དད་མོས་བྱེད་དགོས་ཀྱི་འདུག་ཅེས་བཤད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG