ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་གནང་ཡོད་པ།


རྒྱལ་སྤྱིའི་བུད་མེད་ཉིན་མོའི་བརྗོད་གཞི་དང་འབྲེལ། བོད་མིའི་སྒྲིག་འཛུགས་ནས་བོད་པའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་བྱུང་བའི་སྐབས་ཀྱི་བུད་མེད་འགོ་ཁྲིད་ཚོའི་མཛད་རྗེས་ལ་བསྔགས་བརྗོད་ཞུས་པའི་ཐོག་བོད་ཀྱི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་གནང་སོང་། འདིའི་སྐོར་གྱི་གནས་ཚུལ་གུས་མོ་བསྟན་འཛིན་བཟང་མོས་སྙན་སྒྲོན་ཞུས་ཡོད།

ཕྱི་ལོ། ༢༠༡༦ ལོའི་ཕྱི་ཟླ་གསུམ་པའི་ཚེས། ༡༢ ཉིན། བོད་མིའི་མགོན་སྐྱབས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་སར་བོད་ཀྱི་བུད་མེད་ཉིན་མོ་ཐོག་མ་སྲུང་བརྩི་གནང་བ་ནས་བཟུང་། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ལས་བྱེད་རྣམས་འདུ་འཛོམས་ཀྱིས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཐད་བཀའ་སྡུར་གྱིས་ཉིན་མོ་འདི་སྲུང་བརྩི་གནང་བཞིན་ཡོད་ཀྱང་། ད་ལོར་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་སྡེ་ཚན་གྱིས་ཕྱི་ལོ། ༢༠༢༡ ལོའི་རྒྱལ་སྤྱིའི་བུད་མེད་ཉིན་མོའི་བརྗོད་གཞི་དང་འབྲེལ། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སྨན་པ་དང་། སྤྱི་ཚོགས་ཞབས་ཞུ་བ། དགེ་རྒན། ཚོང་པ། སྨན་ཞབས་པ། དང་བླངས་པ་སོགས་ནད་རིམས་འགོག་བཅོས་སྐབས་གནད་འགག་ཅན་གྱི་ཕྱག་ལས་གནང་མཁན་གྱི་བོད་པའི་བུད་མེད་ཚོའི་མཛད་རྗེས་ལ་བསྔགས་བརྗོད་ཞུས་པའི་ཐོག་བོད་ཀྱི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་སོང་། དེའི་སྐོར་བུད་མེད་ནུས་སྟོབས་གོང་སྤེལ་སྡེ་ཚན་གྱི་ལས་བྱེད་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་དོན། སྔ་ལོར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་པའི་དུས་སུ། འཛམ་གླིང་ནང་བུད་མེད་ཀྱི་དབུ་ཁྲིད་པའི་རྒྱལ་ཁབ་ཚོས་རིམས་ནད་ཀྱི་དཀའ་ངལ་ལ་དམིགས་བསལ་གདོང་ལེན་གནང་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད་པ་རེད། ཡིན་ནའང་ད་དུང་ཡང་རྒྱལ་སྤྱིའི་ཐོག་གི་ལས་དོན་གལ་ཆེན་དག་ཐག་གཅོད་གནང་སའི་སྡིངས་ཆ་ཁག་ཏུ་བུད་མེད་ཀྱི་གྲངས་ཀ་ཉུང་ཉུང་ལས་མེད་པ་དང་། ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་ཡང་མུ་མཐུད་ནས་གནས་ཡོད་པ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་རྗེས། བོད་པའི་སྤྱི་ཚོགས་ཁྲོད་དུའང་དེ་བཞིན་བུད་མེད་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་སྟངས་དག་ལ་ཁོ་ཚོའི་སྡེ་ཚན་གྱི་ངོས་ནས་དམིགས་བསལ་དོ་སྣང་བྱས་ཏེ་འཆར་ལོ་སྔར་ལས་ཀྱང་བཟང་བའི་གྲུབ་འབྲས་ཞིག་ཐོབ་རྒྱུའི་རེ་འདུན་འཆང་གི་ཡོད་ཅེས་ངོ་སྤྲོད་གནང་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་སྡེ་ཚན་གྱིས་བོད་མིའི་གཞིས་ཆགས་ཁག་ཏུ་བུད་མེད་ཀྱི་གོ་རྟོགས་སྤེལ་རྒྱུའི་ལས་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཚང་མར་རིམ་བཞིན་རྩུབ་སྤྱོད་སྔོན་འགོག་དང་འབྲེལ་བའི་ཟབ་སྦྱོང་གནང་བ་དག་ནུས་ལྡན་གྱི་ལས་འཆར་རེད་ཅེས་བསྔགས་བརྗོད་གནང་བ་དང་། འཛམ་གླིང་ནང་བུད་མེད་དབུ་ཁྲིད་ཚོས་ཏོག་དབྱིབས་གཉན་རིམས་སྐབས་སུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བ་བཞིན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་མང་ཆེ་བ་བུད་མེད་ཡིན་པ་དག་ནས་ཀྱང་བྱམས་བརྩེ་ལྡན་པའི་ངང་ལས་དོན་གང་ལེགས་གནང་བར་བསྔགས་བརྗོད་བྱས་སོང་།

སྲིད་སྐྱོང་མཆོག་ནས་སྤྱིར་བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་རིམ་པ་དྲུང་ཆེ་ནས་བཟུང་འཛིན་སྐྱོང་འགན་འཁུར་བའི་གྲས་སུ་བུད་མེད་ཇེ་མང་་ལ་འགྲོ་བཞིན་ཡོད་ཀྱང་། ད་དུང་ས་གནས་འགོ་འཛིན་གྱི་ལས་གནས་སུ་བུད་མེད་ཕྱག་ལས་གནང་མཁན་དེ་ཙམ་མང་པོ་མེད་པ་ལ། རྗེས་ཕྱོགས་བུད་མེད་ཚོ་མཉམ་ཞུགས་མང་ཙམ་གནང་དགོས་པའི་འབོད་སྐུལ་ཀྱང་གནང་སོང་།

དེ་རིང་གི་མཛད་སྒོའི་སར་བཀའ་བློན་རྣམ་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་། ལྷན་ཁང་ཁག་གི་རྩུབ་སྤྱོད་དང་འབྲེལ་བའི་ཞུ་གཏུག་ཚོགས་ཆུང་གི་ཚོགས་མི་སོགས་ཚང་འཛོམས་སར། ལ་དྭགས་སུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ལ་གདོང་ལེན་གནང་མཁན་གྱི་སྨན་པ་བསྟན་འཛིན་ཡི་ཤེས་ལགས་དང་། གཞན་བཞུགས་སྒར་ཁུལ་ནས་རྒན་མཛེས་སྲས་ལགས་བཅས་ནས་ཀྱང་སོ་སོའི་ཉམས་མྱོང་ངོ་སྤྲོད་གནང་སོང་ལ། དེ་བཞིན་སྤྱི་ཚོགས་ཁྲོད་ཞབས་ཞུའི་ཕྱག་ལས་གནང་བཞིན་ཡོད་པའི་བུད་མེད་གཞན་ཁག་ཅིག་ནས་ཀྱང་སོ་སོ་སྒེར་གྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཉམས་མྱོང་བརྙན་པར་གྱི་ལམ་ནས་གཟིགས་འབུལ་གནང་ཞིང་། སྐབས་དེར་བུད་མེད་ཚོས་ལས་དོན་གང་འདྲ་ཞིག་ཡིན་རུང་ལམ་ལྷོང་ཡོང་བར་ནུས་པ་མཉམ་སྤུངས་བྱེད་དགོས་པ་དང་། བུད་མེད་ཚོས་སོ་སོའི་དམིགས་ཡུལ་ངོས་འཛིན་ཐུབ་པར་འབད་བརྩོན་བྱ་དགོས་སྐོར་སོགས་ཀྱི་བརྡ་ལན་གནང་བཞིན་འདུག

XS
SM
MD
LG