ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་ལྷོ་ཕྱོགས་སུ་བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུས་ཡོད་པ།


དེ་རིང་ཕྱི་ཟླ་༣་པའི་ཕྱི་ཚེས་༡༢་ཉིན་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ཧུན་སུར་རབ་རྒྱས་གླིང་ཀོལི་གྷལ་དོན་ལྡན་གླིང་བཅས་ཀྱི་བུད་མེད་ལྷན་ཚོགས་ཐུན་མོང་གི་ཚོགས་མི་བརྒྱ་ལྷག་གིས་མངའ་སྡེའི་གྲོང་ཁྱེར་མེ་སོར་དུ་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༦༢ པ་སྲུང་བརྩི་གནང་སོང་། དུས་དྲན་མཛད་སྒོའི་ཐོག་མར་མི་རྣམས་མེ་སོར་རྒྱལ་ཁང་གི་མདུན་ཐང་དུ་འཛོམས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རླབས་ཆེན་མཛད་རྗེས་རྗེས་སུ་དྲན་པའི་སྒོོ་ནས་ཁོང་ཚོར་མྱ་ངན་གུས་འདུད་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་གནང་བ་དང་། དེ་རྗེས་མེ་སོར་རྒྱལ་ཁང་ནས་རྫོང་དཔོན་ལས་ཁུངས་བར་ལས་འགུལ་བ་རྣམས་ཀྱིས་ཁ་ལ་ཁ་རས་ནག་པོ་བརྒྱབ་པ་དང་། རྒྱ་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་དང་ཡིག་བྱང་སོགས་བསྣམ་སྟེ་ངག་བཅད་ཞི་བའི་གོམ་བགྲོད་གནང་འདུག། དེ་དང་འབྲེལ་ནས་རྒྱ་གར་གྱི་སྲིད་བློན་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གཉིས་ལ་རྫོང་དཔོན་བརྒྱུད་དོན་ཚན་བཞི་ཅན་གྱི་བོད་དོན་སྙན་ཞུ་ཞིག་ཀྱང་ཕུལ་གནང་ཡོད་པ་རེད།

དེ་རིང་གི་ལས་འགུལ་འདིའི་སྐོར་ལ་ཧུན་སུར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྟ་མགྲིན་སྒྲོལ་མ་ལགས་ནས། ལས་འགུལ་བས་ཁ་རས་ནག་པོ་རྒྱག་དོན་ནི་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་འཕྲོག་བཞིན་པར་ངོ་རྒོལ་གྱི་མཚོན་དོན་ཡིན་ཅེས་འགྲེལ་བཤད་གནང་བ་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕྱོགས་བཞུགས་རྒྱུན་ལས་བསྟན་འཛིན་སྒྲོལ་མ་ལགས་ནས་ཀྱང་རྒྱ་གར་གསར་འགོད་པ་རྣམས་ལ་ལས་འགུལ་འདི་གལ་ཆེན་པོ་ཡིན་པའི་སྐོར་ནས་ལན་འདེབས་གནང་སྟེ། འདི་ནི་བོད་ཀྱི་རྒྱལ་གཅེས་དཔའ་མཛངས་ལྡན་པའི་དཔའ་མོ་རྣམས་ཀྱིས་བོད་ཀྱི་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ་བློས་གཏོང་བྱས་པའི་མཛད་རྗེས་ལ་དྲན་གསོའི་ཆེད་དུ་ཡིན་པ་སོགས་གསུང་སོང་།

གཞན་དུས་དྲན་འདིར་མཉམ་ཞུགས་གནང་མཁན་ད་ལོར་དགུང་གྲངས་༩༢ ལ་ཕེབས་པའི་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་ཨ་མ་ཚེ་དབང་དཔལ་མོ་ལགས་ནི་༡༩༥༩ལོའི་ཟླ་་༣པའི་ཚེས་༡༢་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་དངོས་སུ་ཞུགས་མྱོང་མཁན་ཞིག་ཡིན་པ་མ་ཟད། བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་ཀྱང་ཡིན་ལ། མོ་རང་ད་ལྟའི་བར་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་ཉིན་མོའི་རྗེས་དྲན་ལས་འགུལ་ལ་རྒྱུན་མ་ཆད་པར་མཉམ་ཞུགས་གནང་ཡོད་ཅིང་། མོས་ལྷ་སའི་བུད་མེད་སྒེར་ལངས་ཀྱི་སྐོར་གྱི་གནས་ཚུལ་འགྲེལ་བཤད་གནང་དོན་ལ། སྐབས་དེར་རྒྱ་མི་དང་བོད་མིའི་བར་འཁྲུག་པ་རྒྱག་གི་རེད་ཟེར་བའི་གནས་ཚུལ་ཐོས་པ་དང་གཟིམ་ཤག་ཀུན་བདེ་གླིང་གི་མགོ་ཁྲིད་དང་། མགྲོན་གཉེར་ཤར་གྱི་ཨ་ནེ་དཔའ་མོ་ཀུན་བཟང་ལགས་ཀྱིས་གཙོས་པའི་བུད་མེད་བཞིས་ཐོག་མར་མགོ་ཁྲིད་དེ་བུད་མེད་རྣམས་ཀྱིས་ཐོག་མར་ལྷ་སའི་གཙུག་ལག་ཁང་ལ་བསང་གསོལ་མཆོད་མཇལ་ཞུས་ཤིང་། དེའི་རྗེས་ལ་ལྷ་སའི་བར་སྐོར་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བཤད་གནང་སོང་།

གཞན་ཡང་དེ་རིང་ཕྱི་དྲོར་ལས་འགུལ་བ་རྣམས་ཀྱིས་མེ་སོར་རྒྱལ་ཁང་གི་མདུན་དུ་བོད་བསྟན་སྲིད་ཆེད་ལུས་སྲོག་བློས་གཏོང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་དང་། མོན་གྷོ་འདོད་རྒུ་གླིང་དུ་ཡང་ས་གནས་བུད་མེད་ལྷན་ཚོགས་ནས་ནོར་བུའི་རི་ལ་འདུ་འཛོམས་ཀྱིས་རྒྱལ་གཅེས་དཔའ་མོ་དག་ལ་མྱ་ངན་གུས་འདུད་ཀྱི་སྒོ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

སྤྱིར་༡༩༥༩་ལོའི་ཕྱི་ཟླ་ ༣་ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དཔའ་མོ་ཀུན་བཟང་ལགས་ཀྱིས་གཙོས་རྒྱལ་གཅེས་སྙིང་སྟོབས་ཅན་གྱི་བོད་ཀྱི་བུད་མེད་ཚོས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་རྒྱ་གཞུང་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་བུད་མེད་མང་པོས་རང་སྲོག་བློས་གཏོང་གནང་བའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་ཉིན་མོ་འདི་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ལོོ་ལྟར་སྲུང་བརྩི་གནང་གི་ཡོད་པ་རེད།།


XS
SM
MD
LG