ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ཀྱི་རིས་མེད་བླ་ཆེན་ཁག་ལ་འགོག་ཁབ་བསྐྱོན་པ།


༄༅།། ཕྱི་ཟླ་༣་པའི་ཚེས་༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བསྐྱོན་ཏེ་མང་ཚོགས་ལ་སྤྱི་ཚོགས་ཧྲིལ་པོར་དགོངས་པ་བཞེས་ནས་མི་དམངས་ཀྱིས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་པའི་གཞེན་སྐུལ་གནང་ཡོད་པར་མ་ཟད། ཕྱི་ཟླ་༣་པའི་ཚེས་༦་གི་ཉིན་མོ་དེར་རྒྱ་གར་ལྷོ་ཕྱོགས་སུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རྣམ་གཉིས་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བསྐྱོན་ཡོད་ཅིང་། དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེའི་བདེ་སྐྱིད་གླིང་གཞིས་ཆགས་སུ་ས་སྐྱ་ཁྲི་ཆེན་མཆོག་དང་སྐུ་འཁོར་ཁག་ཅིག་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བསྐྱོན་འདུག

འདི་ག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་འཕྲོད་བསྟེན་སྨན་ཁང་དང་ཧུན་སུར་རབས་རྒྱས་གླིང་གི་ས་གནས་འཕྲོད་བསྟེན་སྨན་ཁང་གཉིས་ནི་མངའ་སྡེ་གཞུང་གི་མེ་སོར་རྫོང་ཁོངས་ཀྱི་གྲོང་རྡལ་ཁག་བདུན་གྱི་ནང་དུ་སྒེར་པའི་སྨན་ཁང་མང་པོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཆོག་པའི་ཆོག་མཆན་སྤྲོད་ཡུལ་ཨང་དང་པོ་དེར་གྱུར་འདུག ཁ་སང་ཕྱི་ཚེས་༡༠་ཉིན་ནས་སྦེལ་ཀོབ་གཞིས་ཆགས་གཉིས་པའི་ལོ་ན་༦༠་ཡན་ཆད་དང་ལོ་ན་༤༥་ནས་༥༠་བར་དུ་ནད་པ་ཚོར་ཀོ་ཝྭི་ཤིལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་འགོ་བཙུགས་ཡོད་པ་རེད། ཐོག་མར་སྦེལ་ཀོབ་ས་ཁུལ་དུ་ཡོད་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དང་རྣམ་གྲོལ་གླིང་སོགས་རིས་མེད་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བསྐྱོན། ཁོང་ཚོའི་གྲས་ཀྱི་དགུང་ལོ་བགྲེས་ཤོས་ནི་དགུང་གྲངས་༩༦་ལ་ཕེབས་པའི་སེར་སྨད་ཀོང་པོ་མཁན་ཟུར་བྱམས་པ་དོན་ཡོད་ཡིན་འདུག

སྦེལ་ཀོབ་ས་གནས་གཞིས་འགོ་ཐུབ་བསྟན་ཚེ་རིང་གིས་སྔོན་འགོག་སྨན་ཁབ་དེ་སྔོན་ལ་མཁན་ལས་ཟུར་ཚོར་རྒྱག་དགོས་དོན་ནི་ལས་གཞི་དབུ་འབྱེད་དང་རྟེན་འབྲེལ་མཚོན་པའི་ཆེད་དུ་ཡིན་ཞེས་བཀྲལ། སེར་སྨད་མཁན་ཟུར་དགེ་བཤེས་ངག་དབང་འབྱོར་ལྡན་གྱིས་སྤྱི་ཚོགས་སུ་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་བཤད་ཚུལ་འདྲ་མིན་འབྱུང་གི་ཡོད་ཀྱང་སོ་སོར་དངོས་སུ་ཁབ་དེ་བརྒྱབ་རྗེས་སུ་དཀའ་ངལ་གང་ཡང་འཕྲད་མ་བྱུང་ཞེས་གསུངས་ཤིང་། དེ་བཞིན་འབྲས་སྤུངས་དང་དགའ་ལྡན། རྒྱུད་སྨད་གྲྭ་ཚང་དང་རྫོང་ཆོས་གྲྭ་ཚང་། གཞན་ཡང་རིས་མེད་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་ལས་སྣེ་རྣམ་པར་ནད་དུག་སྔོན་འགོག་གི་སྨན་ཁབ་བསྐྱོན། ཁོང་ཚོའི་གྲས་སུ་འགོག་ཁབ་མ་འཕྲོད་པར་དཀའ་ངལ་ཕྲད་པ་གཅིག་ཀྱང་བྱུང་མེད་པས་མང་ཚོགས་ཀྱིས་རྒྱ་གར་གཞུང་གི་ལམ་སྟོན་དང་གོ་རིམ་བཞིན་འགོག་ཁབ་རྒྱག་འཆར་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG