ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སོག་པོ་ཚོས་རྒྱུ་མཚན་ལ་བརྟེན་ནས་ཆོས་ལ་དད་པ་བྱ་དགོས་པའི་བཀའ་སློབ།


༄༅།། ཆེན་པོ་ཧོར་གྱི་གཞོན་སྐྱེས་རྣམས་གཙོ་བོར་འགྱུར་བའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ཚེས་༡༡་གི་སྔ་དྲོར་དྲྭ་ལམ་དུ་དད་ལྡན་པ་ཚོར་ནང་ཆོས་དང་ཚན་རིག་སྐོར་བཀའ་སློབ་དང་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་ཡོད་ཅིང་། དེ་རིང་གི་བཀའ་སློབ་དངོས་གཞི་དབུ་འཛུགས་མ་གནང་སྔོན་དེར་༧གོང་ས་མཆོག་གིས་ཆེན་པོ་ཧོར་དང་བོད་གཉིས་ལ་ལོ་རྒྱུས་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། ༧གོང་ས་སྐུ་ཕྲེང་རིམ་བྱོན་དང་སོག་པོ་ཚོར་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པ་རེད་ཅེས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནས་མགོ་བརྩམས་ཏེ་སོག་པའི་དད་ལྡན་པ་ཚོར་འཚམས་འདྲི་ཞུས་ཤིང་། བོད་དང་སོག་ཡུལ་གཉིས་ལ་དར་ཁྱབ་བྱུང་བའི་ནང་ཆོས་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན། དེའི་ནང་ནས་ཚད་མ་དང་དབུ་ཕར་གྱི་གཞུང་དག་ནི་ཚན་རིག་ལ་མཐུན་པའི་རྒྱུ་མཚན་ལྡན་པའི་གཞུང་ཤ་སྟག་རེད། དེང་སྐབས་རྒྱལ་སྤྱིའི་ཁྱོན་གྱི་ཚན་རིག་པ་ཚོས་རིགས་ལམ་གྱི་གཞུང་ལ་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པས་སོག་པའི་གཞོན་སྐྱེས་ཚོས་ཀྱང་དེ་དག་ལ་སློབ་གཉེར་གནང་དགོས་ཞེས་བཀའ་སློབ་སྩལ།།


དེ་རིང་གི་མཛད་རིམ་དེར་སོག་པོའི་རྒྱལ་ས་ཨུ་ལན་བྷ་དྷོར་དང་ཨེར་ཏེ་ནེ་བྷ་ཡན་ཀོན་གྷོར་བཅས་ཀྱི་དད་ལྡན་པ་རྣམས་དྲྭ་ལམ་དུ་མཉམ་ཞུགས་བྱུང་བའི་གཞོན་སྐྱེས་སློབ་ཕྲུག་ཚོར་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་སྟེ་སོག་པའི་ན་གཞོན་ཁག་ཅིག་གིས་ནང་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་ཐོག་ཏུ་ཉམས་ལེན་ཇི་ལྟར་བྱེད་དགོས་པ་དང་ནང་ཆོས་ཀྱིས་ཚན་རིག་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་པ། དུས་རབས་༢༡་པའི་ནང་པ་ཞིག་ཇི་ལྟར་བྱེད་དགོས་པ། དེ་བཞིན་གནའ་དེང་ཟུང་འབྲེལ་ཇི་ལྟར་བྱེད་དགོས་པ། རྨོངས་དད་དང་རྣམ་རྟོག་བཅས་ལ་གོ་བ་ལེན་ཚུལ་སོགས་བཀའ་འདྲི་ཁག་ཅིག་ཞུས་སོང་། ༧གོང་ས་མཆོག་གིས་མཐོང་ཆོས་སུ་གྱུར་པའི་ཚན་རིག་དང་སེམས་ཁམས་ཀྱི་ཚན་རིག་ལ་དབྱེ་བ་འབྱེད་ཚུལ། ཆོས་ལ་དད་པ་ཇི་ལྟར་འཐོབ་དགོས་སོགས་རིམ་བཞིན་ཞིབ་ཕྲ་གསུངས་ཏེ་གཞོན་སྐྱེས་ཚོར་དམིགས་བསལ་གྱི་གནད་དོན་ཁག་ཅིག་ངོ་འཕྲོད།།

གཞན་ཡང་༧གོང་ས་མཆོག་གིས་སོག་པའི་སྤྱི་ཚོགས་སུ་དགེ་བཙུན་ཁོ་ན་མིན་པར་གཞོན་སྐྱེས་ཕོ་མོ་ཚོས་ཀྱང་རྟགས་གསལ་བཏང་ནས་རིགས་ལམ་སྦྱང་དགོས། དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་བོད་པའི་དགོན་སྡེ་ཁག་ཏུ་སོག་པོའི་དགེ་འདུན་པ་༡༠༠༠་མ་ཟིན་ཙམ་ཞིག་ཡོད་པ་ཚོས་རིམ་བཞིན་སོག་ཡུལ་དུ་ནང་ཆོས་སློབ་ཁྲིད་བྱ་རྒྱུར་ཕན་ཐོགས་ཐུབ་པའི་རེ་བ་ཡོད། ནང་སོག་དང་མན་ཇུ་རྣམས་ཕ་མེས་ཀྱི་དུས་ནས་ནང་པ་ཡིན་པ་ཚོ་ལའང་ནང་ཆོས་ངོ་སྤྲོད་གནང་ཐབས་བྱ་དགོས་པའི་ལམ་སྟོན་གནང་ཡོད་ཅིང་། སོག་པོའི་གསུང་ཆོས་འདི་སྔ་ལོ་གནང་གཏན་ཁེལ་ཟིན་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱིས་ཕྱིར་འགྱངས་བྱས་འདུག ད་ཐེངས་ཀྱི་མཛད་རིམ་ཁོངས་སུ་ཕྱི་ཚེས་༡༢་དང་༡༣་གཉིས་ལ་སོག་པོའི་དད་ལྡན་ཚོར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG