ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལ་གསུང་བཤད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལ་གསུང་བཤད།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་༢༠༢༡་ལོའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་སྟེ་ནང་པ་ཚོས་ཕན་ཚུན་དགག་གཞག་སྤང་གསུམ་གྱི་ཐོག་ནས་གོ་སྡུར་ལྷུག་པོ་གནང་ཐུབ་པའི་རེ་བ་ཡོད་ཅེས་ལམ་སྟོན་གནང་ཡོད་ཅིང་། དེ་ཡང་སིངྒ་པུར་དང་མ་ལེ་ཞི་ཡར་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་གཙོས་རྒྱལ་སྤྱིའི་ས་ཁུལ་གང་སར་གནས་པའི་ནང་པའི་ཆོས་ཚོགས་༡༢་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧གོང་ས་མཆོག་གིས་ཉིན་གཉིས་ཀྱི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེར་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་བགྲོ་གླེང་ལ་བཀའ་སློབ་གནང་སྟེ་ནང་པ་ཚོས་རང་ལུགས་གཞག་རྒྱུ་ཙམ་མིན་པར་ཕན་ཚུན་གོ་སྡུར་ལྷུག་པོ་གནང་རྒྱུ་གལ་འགངས་ཆེན་པོ་ཡིན། ནང་པ་ཚོར་ཐེག་ཆེན་པ་དང་ཐེག་དམན་པ་ཞེས་དབྱེ་བ་འབྱེད་སྲོལ་ཞིག་ཡོད་པ་ནི་ཡག་པོ་ཞིག་མཐོང་གི་མི་འདུག ལེགས་སྦྱར་སྐད་དང་པ་ལིའི་སྐད་གཉིས་ཀ་སངས་རྒྱས་ཀྱི་གསུང་ལ་སློབ་གཉེར་གནང་མཁན་ཡིན་པར་གཞི་བཅོལ་ནས་དབྱེ་བ་ཕྱེ་ན་ཡག་པོ་འདུག ལེགས་སྦྱར་དང་པ་ལིའི་གཞུང་གཉིས་མཐུན་པའི་ཆ་དང་མི་ཐུན་པའི་ཆ་གང་ཡོད་པ་རྣམས་རིམ་བཞིན་ངོ་སྤྲོད་གནང་སྟེ་པ་ལིའི་གཞུང་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་རྨང་གཞི་ཡིན་རུང་པ་ལིའི་ཆོས་བརྒྱུད་འཛིན་པ་ཚོས་ལེགས་སྦྱར་གྱི་གཞུང་དུ་གསུངས་པའི་ཚད་མའི་གཞུང་ལ་ཐུགས་སྣང་ཏོག་ཙམ་གནང་ཐུབ་ན་དགེ་མཚན་ཆེ་ཞེས་གསུངས་འདུག

ཉི་མ་གཉིས་ཀྱི་ནང་པའི་ལྷན་ཚོགས་དེར་རྒྱལ་ཁབ་མི་འདྲ་བ་༡༤་ཡི་ནང་པའི་ཆོས་ཚོགས་ཁག་དང་འཐུས་མི་གསུང་བཤད་གནང་མཁན་མཁས་པ་༣༨་མཉམ་ཞུགས་བྱས་ཡོད་པར་མ་ཟད། དད་ལྡན་པ་སྟོང་ཕྲག་བརྒལ་བ་ཞིག་དྲྭ་ལམ་དུ་ལྷན་ཚོགས་དེར་མཉམ་ཞུགས་བྱས་ཤིང་། ༧གོང་ས་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ལྟ་བུ་གོ་སྒྲིག་ཡང་ཡང་གནང་དགོས་། ལྷན་ཚོགས་འདི་ལྟ་བུ་བརྒྱུད་ནས་ཆོས་ཉམས་ལེན་བྱེད་མཁན་དང་ཉམས་ལེན་མི་བྱེད་མཁན་གཉིས་ཀར་ཕན་ཐོགས་བསྒྲུབ་ཐུབ། གནད་དོན་ཁག་ལ་གོ་སྡུར་སྦྱངས་བཤད་གནང་རྒྱུ་གལ་ཆེན་ཡིན་ཞེས་ལམ་སྟོན་གནང་སོང་། དེ་རིང་གི་དབུ་འབྱེད་མཛད་སྒོར་ཐེ་ཝན་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་སློང་ཅང་ཡ་དང་སིངྒ་ལའི་ཆོས་དཔོན་ཆེན་མོ་ར་མ་ན་མ་ཧ་ཡ་ནི་ཀ་ཡ། དགེ་བའི་བཤེས་གཉེན་མ་ཀུ་ལེ་ཝེ་ཝི་མ་ལ་མ་ཧ་ན་ཡ་ཀེ་ཐེ་རོ། དེ་བཞིན་རྒྱ་གར་གྱི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། དགེ་སློང་དྷར་མ་པི་ཡ་བཅས་མཉམ་ཞུགས་གནང་སྟེ་རང་རང་གི་ཕྱག་བཞེས་གནང་བཞིན་པའི་པ་ལིའི་གཞུང་གི་དགོངས་པ་གཞིར་བཟུང་གིས་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཏུ་གསུང་བཤད་གནང་སོང་།།

ཁོང་ཚོས་ནང་པ་ཡོངས་རྫོགས་ཁོར་ཡུག་དང་ཡུལ་གྲུ་འདྲ་མིན་དུ་གནས་འཁོད། ད་དུང་གདུལ་བྱ་མ་འདྲ་བ་བཅས་ཀྱི་དབང་གིས་ཚོགས་པ་མི་འདྲ་བ་དང་རྒྱབ་ལྗོངས་མི་འདྲ་བའི་ཚོགས་པ་ལྟར་དུ་གྱུར་ཀྱང་དོན་དངོས་སུ་སངས་རྒྱས་པའི་རྗེས་འཇུག་ཡིན་པ་གཅིག་མཚུངས་རེད། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་བསླབ་པ་ཏིང་ངེས་འཛིན་གྱི་བསླབ་པ་ནི་ནང་པ་ཁོ་ན་མིན་པར་འགྲོ་བ་མི་སྤྱི་ལ་ཁྱབ་པའི་དགོངས་པ་ཞིག་རེད། བསླབ་པ་ཤེས་རབ་ཀྱི་བསླབ་པར་བཞེད་སྲོལ་མི་འདྲ་བ་ཡོད་ཀྱང་ཕན་ཚུན་སྦྱངས་བཤད་གནང་རྒྱུ་གལ་ཆེན་ཡིན། ལོ་ཤས་སྔོན་དུ་སྡེ་གནོད་གསུམ་གྱི་ཚོགས་འདུའི་ཐོག་ཏུའང་ཕན་ཚུན་སྦྱངས་བཤད་བྱས་ནས་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་བཀའ་སློབ་གནང་ཞིང་། མཛད་རིམ་སྔོན་ནས་བསྒྲིགས་པ་ལྟར་ཉི་མ་གཉིས་ཀྱི་ལྷན་ཚོགས་འདིར་ལེགས་སྦྱར་དང་པ་ལི་གཞུང་གཉིས་མཉམ་བཤད་གནང་མཁན་མཁས་པ་༣༨་ཡོད་པའི་གྲས་སུ་དགེ་སློང་དང་བཙུན་མ་གཉིས་ཀ ཆོས་བརྒྱུད་མི་འདྲ་བའི་སྐུ་ཚབ་བཅས་མཉམ་ཞུགས་བྱས་འདུག ཁོང་ཚོས་ལྷན་ཚོགས་བཞི་དང་མཇུག་སྡོམ་ལྷན་ཚོགས་བཅས་ཚོགས་ཐེངས་ལྔའི་རིང་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐད་དུ་གྲོས་སྡུར་གནང་གི་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG