ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྷ་སར་ཉེན་རྟོག་པ་དང་དམག་མི་འགྲེམ་འཇོག་མང་དུ་བཏང་བ།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཉེན་རྟོག་པ་དང་དམག་མི་འགྲེམ་འཇོག་བྱ་རྒྱུ་མང་དུ་བཏང་སྟེ་གསུམ་བཅུའི་དུས་དྲན་གྱི་སྔོན་དེར་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་བོད་པ་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༣་པའི་ཚེས་མགོ་ནས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་རྣམས་འགྲེམ་འཇོག་བྱ་རྒྱུ་སྔར་ལས་ཇེ་མང་དུ་བཏང་སོང་། དཔེར་ན་ལྷ་སའི་ཇོ་ཁང་མཐའ་འཁོར་དང་པོ་ཏ་ལའི་མདུན་ཐང་། དེ་བཞིན་མཚན་ལ་སྐོར་གཡེང་བྱེད་མཁན་གྱི་དམག་མི་དང་ཉེན་རྟོག་པའི་གྲངས་ཀ་སྔར་ལས་སྤར་ཏེ་ཉིན་མཚན་གཉིས་ལ་རྟོག་ཞིབ་དང་དོ་དམ་ནན་པོ་བྱེད་འགོ་ཚུགས་སོང་།

སྔོན་ཆད་སྔ་དགོང་གཉིས་སུ་བར་སྐོར་ལ་ཕྱག་སྐོར་བྱེད་མཁན་ཧ་ཅང་མང་པོ་ཡོད་ཀྱང་ད་ལྟ་ཕྱག་སྐོར་བྱེད་མཁན་རྦད་དེ་ཉུང་རུ་སོང་འདུག དེའི་རྒྱུ་མཚན་གཙོ་བོ་ནི་དམ་དྲག་ཆེ་རུ་བཏང་བ་དང་ཞིབ་བཤེར་ནན་པོ་བྱེད་འགོ་ཚུགས་པ། མང་ཚོགས་ལ་དམིགས་བསལ་གྱིས་སྤྱི་དམངས་ཐོབ་ཐང་དབང་ཡིག་ཡོད་མེད་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་སོགས་ཀྱིས་རེད། མདོར་ན་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་འདིར་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་གྱུར་འདུག་ཅེས་བཤད།།

འདི་དང་དུས་མཚུངས་སུ་མདོ་སྨད་རྔ་བའི་རྫོག་ཐོག་གི་གནས་སྟངས་ཀྱང་དམ་དྲག་ཆེ་རུ་བཏང་འདུག རྔ་བ་རྫོང་གི་དྲྭ་ལམ་དང་མང་ཚོགས་ཀྱི་འགྲོ་འདུག་རང་དབང་སོགས་ལ་དམ་དྲག་གི་རྣམ་པ་ཞིག་མངོན། ས་གནས་ས་ཐོག་གི་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཞིབ་ཕྲ་བྱས་ནས་བོད་ཕྱི་ལོགས་སུ་བཤད་ཁག་པོ་རེད། འོན་ཀྱང་ཉི་མ་འདི་དག་གི་རིང་ལ་རྔ་བ་རྫོང་ཁོངས་ཀྱི་བོད་པ་སྐྱ་སེར་ཁག་ཅིག་ས་གནས་ཉེན་རྟོག་ཁང་དུ་འབོད་འགུགས་བྱས་ནས་འདྲི་གཅོད་བྱེད་ཀྱི་འདུག ཡིན་ནའང་གནས་ཚུལ་དེ་ཚོ་དྲྭ་ལམ་དུ་ཁྱབ་སྤེལ་བྱེད་ན་རྒྱལ་ཁབ་ཀྱི་ཁྲིམས་ལ་རྒྱབ་འགལ་བྱས་པ་རེད་ཅེས་སྡིགས་སྐུལ་བྱས་ནས་འདྲི་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ཕྱི་ལ་ཁྱབ་སྲིད་པ་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གཞུང་གིས་འདྲི་ཞིབ་བྱས་བའི་མི་དེ་དག་གི་བདེ་འཇགས་ཆེད་དུ་རེ་རེ་བཞིན་མིང་གསལ་པོ་ཞིག་བཤད་མི་དགོས་པ་བྱོས། ཁོ་ཚོར་ཉེན་ཁ་ཆེ་རུ་འགྲོ་སྲིད་པ་དང་དགོན་པའི་ནང་དུ་རྒྱ་གཞུང་གིས་བཀའ་རྒྱ་བསྒྲགས་ནས་དམ་དྲག་བྱེད་ཀྱི་འདུག འདི་ནི་རྒྱུན་དུ་འབྱུང་གི་ཡོད་པ་ཞིག་རེད་ཅེས་བརྗོད་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG