ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༡༨

བོད་པ་འབྲོག་པ་ཚོ་གྲོང་རྡལ་དུ་སྤོར་རྗེས་འཚོ་བའི་དཀའ་ངལ།


༄༅།། རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་ཚོ་གྲོང་རྡལ་ཅན་དུ་བསྒྱུར་བའི་ལས་གཞི་ཞིག་ལག་ལེན་བསྟར་ཏེ་༢༠༡༡་ལོའི་ཕྱི་ཟླ་༣་པ་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་འབྲོག་ཁྱིམ་སྟོང་ཕྲག་ཁ་ཤས་ལ་འབྲོག་པའི་འཚོ་བ་བསྐྱུར་དུ་བཅུག་སྟེ་རྒྱ་གཞུང་གིས་འཛུགས་སྐྲུན་བྱས་པའི་གྲོང་རྡལ་གྱི་ཁང་པ་གསར་པའི་ནང་ལ་གནས་སྤོར་བྱེད་དུ་བཅུག་ཡོད་ཅིང་། ཁོ་ཚོ་འབྲོག་ནས་གྲོང་རྡལ་དུ་སྤོར་བའི་རྗེས་སུ་འཚོ་རྟེན་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་མགོ་ལོག་དར་ལག་རྫོ་གི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མགོ་ལོག་དྭངས་ལག་སྡེ་པ་དང་དྭངས་གཞུང་གི་འབྲོག་པ་དུད་ཁྱིམ་༡༢༥་མགོ་ལོག་དར་ལག་རྫོང་དབྱིག་གཞུང་ཡུལ་ཚོའི་གྲོང་རྡལ་གསར་པར་གནས་སྤོར་བྱེད་དུ་བཅུག་པ་དེ་དག་གིས་གྲོང་རྡལ་ལ་མཁོ་བའི་ལས་རིགས་གང་ཡང་ཤེས་ཀྱི་མེད་པས་ལས་ཀ་མ་རག་གི་མི་འདུག འབྲོག་པ་དེ་དག་གིས་སྔར་ལྟར་རང་གི་ས་ཐོག་ཏུ་སྐྱེས་པའི་དབྱར་རྩ་དགུན་འབུ་དང་ཤེས་ཐང་། འཛིམ་པ་ནག་རིང་སོགས་སྨན་རྩ་རྣམས་ཀྱང་བརྐོ་མི་ཆོག་པར་གྱུར་ཏེ་འཚོ་བའི་ཡོང་སྒོ་ཁག་མེད་པར་གྱུར་འདུག དེའི་རྐྱེན་གྱིས་ཁྱིམ་ཚང་གི་འཚོ་བར་ལ་ཧ་ཅང་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག རྒྱ་གཞུང་གིས་འབྲོག་པ་རྣམས་ཐོག་མར་གྲོང་རྡལ་དུ་སྤོར་རྗེས་དུད་ཁྱིམ་རེ་ལ་ཟླ་བ་རེར་འཚོ་སྣོན་རྒྱ་སྒོར་༣༥༠་དང་གྲོ་ཕྱེ་རྒྱ་མ་༢༥་སྤྲོད་ཀྱི་ཡོད་ཀྱང་དེས་འདང་གི་མི་འདུག ལོ་གཅིག་གི་རྗེས་སུ་རྒྱ་གཞུང་གིས་རོགས་རམ་རྣམས་རིམ་གྱིས་ཆད་པ་རེད། འབྲོག་པ་ཚོས་རྒྱ་གཞུང་ལ་ཡར་ཞུ་ཐེངས་མང་བྱས་ཀྱང་བདག་སྤྲོད་བྱས་མ་སོང་། འབྲོག་པ་རྣམས་དེ་སྔོན་མི་རབས་ནས་མི་རབས་བར་དུ་འབྲོག་པའི་འཚོ་བ་བསྐྱལ་ཏེ་ལྟོ་གོས་ལ་དཀའ་ངལ་འཕྲད་མྱོང་ཡོད་པ་མ་རེད། འབྲོག་པ་ཚོ་གྲོང་རྡལ་དུ་སྤོར་རྗེས་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་ཐེབས་པ་དང་སྔོན་ཆད་བརྒྱུད་མ་མྱོང་བའི་མི་ཚེའི་ལམ་ཁ་གསར་པ་ཞིག་འགྲིམ་དགོས་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། གྲོང་རྡལ་དུ་སྤོར་བའི་འབྲོག་པའི་ཁྱིམ་ཚང་ཁག་གི་ལོ་གཞོན་ཚོས་འཚོ་བའི་དཀའ་ངལ་སེལ་ཆེད་སྨན་ཁང་དང་ལས་ཁུངས་ཁག་ཏུ་གད་བདར་དང་རྒན་རྒོན་ཚོས་གྲོང་ཁྱེར་ནང་དུ་གད་སྙིགས་འཕྱག་པ་དང་གད་སྙིགས་ནང་གི་འགྱིག་དུམ་དང་ལྕག་རིགས་སོགས་བསགས་ནས་ཁྱིམ་ཚང་གི་འཚོ་སྣོན་ཡོང་འབབ་འཚོལ་གྱི་འདུག དེ་བཞིན་མགོ་ལོག་མཚོ་སྐྱ་རིང་གི་བོད་པ་ཞིག་གིས་བརྗོད་དོན་ལྟར་ན། མཚོ་སྐྱ་རིང་རུ་ཁག་དང་པོ་ནས་དྲུག་པའི་བར་གྱི་འབྲོག་པ་དུད་ཁྱིམ་སུམ་སྟོང་ནས་བཞི་སྟོང་ཡས་མས་ཤིག་ཡོད་པ་ཚང་མ་གྲོང་རྡལ་དུ་ཕབ་པ་རེད། ཁོ་ཚོ་གྲོང་རྡལ་དུ་ཕབ་རྗེས་རྫོང་ནས་འབྲོག་པ་ཁྱིམ་ཚང་སོ་སོའི་རྩ་ས་དང་སེམས་ཅན་མང་ཉུང་ལ་གཞིགས་ནས་རོགས་རམ་སྤྲོད་རྒྱུ་བྱས་མོད། འོན་ཀྱང་དེང་སྐབས་རོགས་སྐྱོར་རྣམས་སྔོན་ལས་ཇེ་ཉུང་དུ་ཕྱིན་འདུག་ཅེས་བཀྲལ།།

དེང་སྐབས་གྲོང་རྡལ་དུ་སྤོར་བའི་འབྲོག་པ་ན་གཞོན་ཚོས་གཞུང་ལམ་ལ་གད་བདར་དང་ས་རྡོ་སྐྱེལ་འདྲེན། རླངས་འཁོར་ནང་དུ་དངོས་ཟོག་བརྩིགས་པ་དང་འབེབས་པ། ན་གཞོན་མ་ཚོས་ཆང་ཁང་དང་ཞབས་བྲོ་ཁང་སོགས་སུ་ལས་ཀ་བཙལ་ནས་ཁྱིམ་ཚང་གི་འཚོ་བའི་ཡོང་སྒོ་འཚོལ་དགོས་ཀྱི་ཡོད་པ་རེད། རྒྱ་གཞུང་གིས་འབྲོག་པ་ཚོ་གྲོང་རྡལ་དུ་གནས་སྤོར་བྱེད་དུ་འཇུག་པའི་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་སུ་འབྲོག་པ་མང་ཚོགས་ལ་ཡོང་སྒོ་མེད་པ་དང་ཁྲོམ་རའི་དངོས་ཟོག་གི་རིན་གོང་འཕར་བ། བཟའ་བཅའི་རིན་གོང་དང་ཡུལ་ཐང་འཕར་བ། བོད་པ་ཚོའི་ལས་རིགས་ཁག་གི་ཡོང་འབབ་ཉུང་བ་དང་ཚོང་ལས་གཉེར་བའི་གོ་སྐབས་ཤོར་བ་བཅས་ཀྱིས་འབྲོག་ཁུལ་གྱི་བོད་པ་ཚོ་ལས་མེད་དུ་གྱུར་ནས་མི་ཚེ་སྐྱེལ་འཁྱོལ་དཀའ་བའི་གནས་སུ་གྱུར་འདུག་ཅེས་འགྲེལ་བརྗོད་གནང་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG