ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གིས་རྩེད་འགྲན་དང་གསུམ་བཅུའི་དུས་དྲན་ལ་དམིགས་ནས་དམ་དྲག


༄༅།། དེང་སྐབས་རྒྱ་ནག་ལ་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་བཞིན་པ་དང་ཟླ་བ་རྗེས་མར་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་ལོགས་སུ་སྔོན་ཆད་ཆབ་སྲིད་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་མྱོང་མཁན་གྱི་མི་ཚང་མའི་འགྲོ་འདུག་ལ་ལྟ་རྟོག་དང་ས་གནས་ཉེན་རྟོག་ཁང་དུ་འབོད་འགུགས་ཐོ་འགོད་བྱེད་བཞིན་འདུག་ཅེས་དེ་སྔ་ཉེས་མེད་ཉེས་འགེལ་འོག་ཏུ་རྒྱ་གཞུང་གི་བཙོན་ལ་ཚུད་མྱོང་མཁན་བོད་ནང་དུ་བཞུགས་ཡོད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་དེ་མཁོ་སྤྲོད་བྱས་འདུག

ཁོང་གིས་ཕྱི་ཟླ་གཉིས་པའི་ཚེས་བཅུ་དང་དམིགས་བསལ་ཧོར་ཟླའི་ལོ་གསར་རྫོགས་ལ་ཉེ་བའི་སྐབས་ནས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་ཁུལ་དང་རྫོང་ཁག་ཡོངས་སུ་རྒྱ་གཞུང་གི་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པ་བཅས་ཀྱིས་ས་གནས་སོ་སོའི་བོད་པ་སྐྱ་སེར་ཕོ་མོ་སྲིད་དོན་ལ་འབྲེལ་བའི་དོགས་གཞིའི་འོག་དེ་སྔ་འཛིན་བཟུང་བཙོན་འཇུག་དང་འདྲི་གཅོད་བྱས་མྱོང་མཁན་གྱི་མི་ཚང་མ་འབོད་འགུགས་དང་ཐོ་འགོད་བྱས་དང་བྱེད་བཞིན་འདུག ཆབ་སྲིད་བཙོན་ཟུར་ཞིག་ཡིན་ན་རང་གི་ས་གནས་ནས་ཞིང་ཆེན་གཞན་དང་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་མི་ཆོག་ཟེར་གྱི་འདུག དུས་ཡུན་བདུན་ཕྲག་གཅིག་གི་ནང་དུ་ཉེན་རྟོག་ཁང་ལ་ཐེངས་གཉིས་ནས་གསུམ་འགྲོ་དགོས་པའམ། ཡང་ན་ཉེན་རྟོག་ཁང་ལ་ཁ་པར་བཏང་ནས་གར་འགྲོ་གར་འདུག་གི་གནས་ཚུལ་རྣམས་སྙན་གསེང་ཞུ་དགོས་ཀྱི་འདུག ད་ལྟའི་ཆར་དམ་དྲག་གི་རྣམ་པ་ཤུགས་ཆེར་རུ་འགྲོ་བཞིན་འདུག དེ་སྔ་བཙོན་དུ་ཚུད་མྱོང་མཁན་ཚོར་ཐེངས་ཁ་ཤས་ལ་ས་གནས་ཉེན་རྟོག་ཁང་ནས་ཁ་པར་འབྱོར་ཏེ་འབོད་འགུགས་བྱས་བ་ལྟར་ཕྱི་ཚེས་༡༣་ཉིན་རྒྱ་གཞུང་གི་ལས་བྱེད་པར་དངོས་སུ་ཐུག་འཕྲད་བྱ་དགོས་བྱུང་སོང་། ཁོ་ཚོས་ང་ཟླ་བ་གཅིག་གི་རིང་ལ་རང་གི་ས་གནས་ནས་ས་གནས་གཞན་པ་གང་དུའང་འགྲོ་མི་ཆོག མི་མང་འཛོམས་སར་འགྲོ་མི་ཆོག་པར་ཁ་ཁུ་སིམ་པོར་འདུག་དགོས་ཟེར་བྱུང་། ངས་ཁོ་ཚོར་དེའི་རྒྱུ་མཚན་ཅི་ཡིན་ཞེས་ཐེངས་ཁ་ཤས་དྲིས་ཀྱང་ཟླ་བ་གཅིག་གི་རྗེས་ནས་ནམ་རྒྱུན་ལྟར་འགྲོ་འདུག་བྱེད་ཆོག་ཟེར་བ་མ་གཏོགས་གཞན་པ་ཅི་ཡང་བཤད་ཀྱི་མི་འདུག གང་ལྟར་ཆབ་སྲིད་བཙོན་ཟུར་དང་དེ་སྔ་དོགས་གཞིའི་འོག་འཛིན་བཟུང་འདྲི་རྩད་བྱས་མྱོང་མཁན་གྱི་མི་ཚང་མ་ཉིན་འདི་དག་གི་རིང་དུ་ཉེན་རྟོག་ཁང་ལ་ཐོ་འགོད་བྱེད་དུ་མཉམ་པོར་འགྲོ་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

བོད་པ་ཆབ་སྲིད་བཙོན་ཟུར་ཞིག་ལ་འདི་གའི་གསར་འགོད་པས་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་འབྲེལ་བ་བྱས་བའི་སྐབས་སུ་མི་དེ་ད་ལྟ་རྟོག་ནན་པོའི་འོག་ཏུ་བསྡད་ཡོད་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་རྗེས་ནས་མ་གཏོགས་མི་གཞན་ལ་ཁ་བརྡ་བྱ་རྒྱུ་སྟབས་བདེ་མ་རེད། ཁོང་གི་ལག་ཐོགས་ཁ་པར་དང་སྤྱི་མང་ཐོབ་ཐང་དཔང་ཡིག་བཅས་ལ་ཉེན་རྟོག་པས་རྟོག་ཞིབ་དང་སྟངས་འཛིན་འོག་ཏུ་བཞག་ཡོད་ཅེས་བརྗོད་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG