ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ཁག་ཏུ་སློབ་གཉེར་བསྐྱར་དུ་དབུ་འཛུགས།


༄༅།། སྔ་ལོའི་ཕྱི་ཟླ་༣་པ་ནས་བཟུང་སྟེ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་སྟེ་ལོ་གཅིག་ཡས་མས་ཤིག་ལ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་རིས་མེད་སློབ་གཉེར་གྱི་བསྟི་གནས་ཁག་གིས་རེ་ཞིག་བསླབ་པ་སློབ་གཉེར་མཚམས་བཞག་སྟེ་ཚོགས་ཆོས་ར་དང་དཔེ་ཁྲིད། སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་ཅིང་། ད་ལོའི་ཕྱི་ཟླ་༣་པ་ནས་བྱེས་ཀྱི་གདན་ས་ཁག་ཏུ་བསླབ་པ་སློབ་གཉེར་བསྐྱར་དུ་འགོ་ཚུགས་བྱས་ཡོད་པ་རེད། དེ་ཡང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ལ་མཚོན་ན་ཤར་བྱང་གྲྭ་ཚང་གཉིས་ཀྱིས་ཕྱི་ཚེས་༡༢་ནས་ཆོས་ར་འགོ་འཛུགས་བྱས་ཟིན་པ་དང་བོད་ཚེས་༤་སྟེ། ཕྱི་ཚེས་༡༧་ནས་གྲྭ་ཇ་ཡང་སྔར་བཞིན་ཚུགས་གཏན་ཁེལ་འདུག དེའི་སྐབས་སུ་ཤར་རྩེ་གྲྭ་ཚང་དུ་རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཞབས་རིམ། ལྷག་དོན་དུ་ཏོག་དབྱིབས་རིམས་ནད་མྱུར་དུ་ཞི་བའི་ཞབས་རིམ་ཁག་རྒྱ་ཆེར་སྒྲུབ་གཏན་ཁེལ་ཡོད་ཅེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་ཀྱིས་འདི་གའི་གསར་འགོད་པར་གསུངས་འདུག

ད་ལྟའི་བར་དུ་གདན་ས་ཁག་གི་ཚོགས་ཆོས་ར་དང་སློབ་གཉེར་གྱི་རིམ་པ་ཁག་མཚམས་ཆད་ཀྱང་ཁང་ཚན་སོ་སོས་ཆོས་ར་དང་དཔེ་ཁྲིད་རྣམས་རྒྱུན་འཁྱོངས་བྱས་ནས་དགེ་འདུན་པའི་སློབ་གཉེར་ལ་འཐུས་ཤོར་ཚབས་ཆེན་ཞིག་མ་སོང་། གདན་ས་འབྲས་སྤུངས་ཀྱི་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་སློབ་གྲྭ་ཁག་བསྐྱར་དུ་ཚུགས་ཟིན་པར་མ་ཟད། ཚོགས་ཆོས་ར་དང་དཔེ་ཁྲིད་རྣམས་ཀྱང་ཕྱི་ཟླ་༣་པའི་ཚེས་༡༥་ནས་འགོ་འཛུགས་བྱས་ཡོད་ཅེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་གྱིས་འདི་གའི་གསར་འགོད་པར་གསུངས་འདུག འདས་པའི་ལོ་དེར་སྒོ་མང་དང་བློ་གསལ་གླིང་གྲྭ་གཉིས་ཀྱི་སློབ་གཉེར་བ་ཚོར་ཁང་ཚན་སོ་སོའི་དཔེ་ཁྲིད་དང་རྩོད་པ་སོགས་རྒྱུན་འཁྱོངས་ཐུབ་སྟེ་དགེ་འདུན་པའི་བསླབ་པ་སློབ་གཉེར་ལ་དམིགས་བསལ་གྱི་འཐུས་ཤོར་བྱུང་མེད་པ་རེད།།

སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་བྱེས་སྨད་གཉིས་ཀྱི་སློབ་གྲྭ་དང་ཆོས་ར། དཔེ་ཁྲིད་རྣམས་ཀྱང་འགོ་འཛུགས་བྱས་ཟིན་ཡོད་པ་ལྟར་ཚོགས་འཚོག་རྒྱུ་ཡང་རིམ་གྱིས་འགོ་འཛུགས་འཆར་ཡོད་ཅེས་སེར་སྨད་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་དགེ་བཤེས་བྱམས་པ་ནོར་བུས་འགྲེལ་བརྗོད་གནས་སོང་། ཁོང་གིས་ལོ་གཅིག་ཙམ་གྱི་རིང་དེར་ཚོགས་ཆོས་ར་དང་དཔེ་ཁྲིད་སོགས་སྔར་བཞིན་ཚོགས་ཐུབ་མེད་ཀྱང་དགེ་འདུན་པའི་སློབ་གཉེར་ལ་དཀའ་ངལ་དེ་ཙམ་ཕྲད་མ་སོང་ཞེས་བཀྲལ། དེ་བཞིན་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དཔལ་ཡུལ་གྲོལ་གླིང་གི་སློབ་གཉེར་གྱི་རིམ་པ་ཁག་ཀྱང་རྒྱ་གར་གཞུང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལམ་སྟོན་ཇི་བཞིན་སྔར་ལྟར་ཚུགས་བཞིན་ཡོད་པ་རེད། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཡང་ཚོགས་ཆོས་ར་དང་སློབ་གཉེར་གྱི་ལས་རིམ་ཡོངས་རྫོགས་བསྐྱར་དུ་འགོ་ཚུགས་ཟིན་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG