ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས།


༄༅།། སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་དོན་གཙོ་བོ་ནི་གཞུང་གི་སྔོན་རྩིས་གཏན་འབེབས་བྱ་དགོས་པས་ཉིན་དང་པོར་དཔལ་འབྱོར་བཀའ་བློན་ཀརྨ་ཡི་ཤེས་ཀྱིས་སྐབས་བཅོ་ལྔ་པའི་བཀའ་ཤག་གི་སྔོན་རྩིས་མཐའ་མ་དེ་འབུལ་ལམ་ཞུས་ཏེ་རྩིས་ལོ་༢༠༢༡་དང་༢༢་གཉིས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནས་འགྲོ་གྲོན་ཚོད་དཔག་ཧིན་སྒོར་ས་ཡ་༢༦༩༩,༠༡་འཆར་འབུལ་ཞུས། དེ་ནི་སྔ་ལོའི་སྔོན་རྩིས་ལས་ཧིན་སྒོར་ས་ཡ་༡༥,༧༨་ཉུང་དུ་ཕྱིན་འདུག དཔལ་འབྱོར་བཀའ་བློན་གྱིས་དེ་རིང་གྲོས་ཚོགས་སུ་འབུལ་ལམ་ཞུས་པའི་སྔོན་རྩིས་ཀྱི་གསུང་བཤད་ནང་དུ་འདས་པའི་ལོ་ལྔའི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་དང་གཏན་འཇགས་མ་དངུལ། སྔོན་རྩིས་མ་དངུལ། ཕྱི་ལོ་༢༠༡༩་ནས་༢༠་ལོའི་ཟུར་བཀོལ་མ་དངུལ་བཅས་པའི་གནས་སྟངས་རྣམས་ཞིབ་ཕྲ་ངོ་སྤྲོད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཇེ་བཟང་ཕྱིན་ཡོད། ད་དུང་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།།
དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་རྗེས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་ཆུང་གི་ལས་དོན་སྒྲུབ་ཕྱོགས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་ལྟར་ཚོགས་ཆུང་གིས་འདྲི་ཞིབ་དོན་ཚན་༡༣་བྱས་པར་དཔལ་འབྱོར་བཀའ་བློན་གྱི་ལན་འདེབས་གནང་འདུག དེ་བཞིན་ཚོགས་ཆུང་གིས་སྤར་གཅོག་བྱས་པ་རྣམས་ཀྱང་གསལ་བཀྲོལ་གནང་སོང་། ད་ནངས་སྔ་དྲོར་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་སྐབས་སུ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྟེ་ད་ཐེངས་ཀྱི་གྲོས་ཚོགས་ནི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོར་བྱ་གྲབས་ཡོད་པའི་དུས་སུ་སྐོང་ཚོགས་བྱས་པ་རེད། གྲོས་ཚོགས་འཐུས་མི་རྣམ་པས་གྲོས་ཚོགས་སུ་བཀའ་མོལ་གནང་དུས་དགོངས་པ་ཆེ་བཞེས་གནང་དགོས་ཞེས་འབོད་སྐུལ་ཞུས་སོང་།།

གཞན་ཡང་ཚོགས་གཙོ་མཆོག་གིས་གྲོས་ཚོགས་འདི་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་འགྲོ་བའི་དུས་སྐབས་ཤིག་ཏུ་འཚོགས་བཞིན་ཡོད། གྲོས་ཚོགས་སྐབས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཁ་རས་སོགས་གཏན་དུ་གྱོན་དགོས། ནད་རྟགས་འཐོན་ན་ཚོགས་དྲུང་ལས་ཁུངས་ཀྱིས་བསྐོ་བཞག་བྱས་པའི་འབྲེལ་ཡོད་ལས་བྱེད་པ་ཚོར་སྟོན་དགོས། ད་ལྟའི་གནས་སྐབས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་ལས་དོན་རྣམས་དུས་ཐོག་ཏུ་གྲོས་སྡུར་ཐུབ་ཚེ། གྲོས་ཚོགས་ཀྱི་གྲོལ་བརྡ་སྔོན་ལ་གཏོང་སྲིད་ཅེས་བཤད།།

བོད་མི་མང་སྤྱི་འཐུས་ཚོས་བོད་དོན་ཆེད་དུ་སྐུ་ལས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པ་དང་སྤྱི་ཟུར་འདས་གྲོངས། བོད་དོན་ལ་རྒྱལ་སྐྱོར་གནང་མཁན་རྒྱལ་སྤྱིའི་གནད་ཡོད་མི་སྣ་བཅས་སྐུ་ཚེ་མ་ཟིན་པ་ཚོར་ཁྱོན་བསྡོམས་མྱ་ངན་གྱི་གྲོས་ཆོད་༡༦་སྣོལ་འཇོག་བྱས་པར་མ་ཟད། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གྲོས་འཆར་བཏོན་ཡོད་པ་ཁག་ལ་མུ་མཐུད་དུ་བགྲོ་གླེང་གནང་གི་ཡོད་ཅིང་། ད་ལོའི་གྲོས་ཚོགས་དུས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་པས་ཨོ་གླིང་དུ་གནས་འཁོད་བོད་མི་མང་སྤྱི་འཐུས་གཉིས་དང་འདེམས་ཐོན་སྤྱི་འཐུས་ཤིག མདོ་སྟོད་སྤྱི་འཐུས་ཤིག་བཅས་འཐུས་མི་༤་གྲོས་ཚོགས་ཀྱི་ལས་རིམ་ལ་མཉམ་ཞུགས་གནང་ཐུབ་མེད་ཀྱང་གྲོས་ཚོགས་འཐུས་མི་༤༡་འདུ་འཛོམ་ཐུབ་སྟེ་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་འཐུས་མི་ཚོས་ས་གནས་ཀྱི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལམ་སྟོན་དང་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG