ངོ་འཕྲད་བདེ་བའི་དྲ་འབྲེལ།

གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་གིས་དམ་དྲག


༄༅།། ད་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢་པའི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། སྐུ་འབུམ་དགོན་བཅས་སོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱས་སོང་ཞེས་བོད་ནང་གི་འབྲེལ་ཡོད་མི་སྣ་ཁག་གིས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། གསར་འགྱུར་མཁོ་སྤྲོད་པ་ཚོས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གི་དམག་མི་མང་པོ་འགྲེམ་འཇོག་བྱས་ནས་མི་མང་གི་འགྲོ་འདུག་ལ་རྟོག་ཞིབ་ནན་པོ་བྱས་འདུག དམིགས་བསལ་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཁྲོམ་དུ་འགྲོ་མཁན་ཧ་ཅང་ཉུང་ཉུང་རེད། གཞིས་ཀ་རྩེ་གྲོང་ཁྱེར་དུ་རྒྱུན་ལྡན་གྱི་རྣམ་པ་ཞིག་འདུག་ཀྱང་དམག་མིའི་གྲལ་སྒྲིག་པ་དང་རྟོག་ཞིབ་ཀྱི་རྣམ་པ་ཤུགས་ཆེན་པོ་རེད་ཅེས་འགྲེལ་བརྗོད་བྱས་འདུག

བོད་ནང་གི་རྫ་སྟོད་ཕྱོགས་སུ་གསུམ་བཅུའི་དུས་དྲན་ཉིན་རྫོང་ཐོག་དང་གྲོང་སྡེ་ཁག དགོན་པ་ཁག་བཅས་ལ་མང་ཚོགས་འགྲོ་འོང་གི་རྣམ་པ་ཆེན་པོ་མི་འདུག ས་གནས་དེར་དམིགས་བསལ་གནས་ཚུལ་བྱུང་ཡོད་མེད་ཀྱང་བཤད་ཁག་པོ་རེད། ས་གནས་ས་ཐོག་གི་གནས་ཚུལ་མང་པོ་ཞིག་བོད་ཕྱི་ལོགས་སུ་འགྲེལ་བཤད་རྒྱག་རྒྱུ་སྟབས་བདེ་ཞིག་གཏན་ནས་མ་རེད་ཅེས་བཤད། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་དགོན་པར་མིང་བརྗོད་འདོད་མེད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གསུམ་བཅུའི་དུས་དྲན་ཉིན་རྗེ་སྐུ་འབུམ་དགོན་པར་འགྲོ་འོང་བྱེད་མཁན་ལ་ཞིབ་བཤེར་ས་ཚིགས་ཁག་ཁ་ཤས་བཙུགས་འདུག ཟི་ལིང་གྲོང་ཁྱེར་ནས་དགོན་པར་མ་བསླེབས་པའི་བར་མཚམས་སུ་དམག་མིའི་ཞིབ་བཤེར་ས་ཚིགས་ཁ་ཤས་བཙུགས་ནས་དམག་མི་འགྲེམ་འཇོག་བྱས་འདུག སྐུ་འབུམ་དགོན་པའི་འདབས་ཀྱི་སྨན་ཁང་དང་མགྲོན་ཁང་ཆེན་པོ་གཉིས་ཡོད་ས་དེར་དམག་མི་འགྲེམ་འཇོག་བྱས་ནས་མང་ཚོགས་ཀྱི་འགྲོ་འདུག་དང་རླུང་འཁོར་གྱི་འགྲོ་འོང་སོགས་ལ་ཞིབ་བཤེར། དགོན་པའི་གླིང་དང་སྒོ་ཆེན་གཡས་གཡོན་སོགས་སུ་དམག་ཆས་གྱོན་ཡོད་མེད་གཉིས་ཀྱི་མི་མང་པོའི་ལྟ་སྲུང་བྱས་ནས་བསྡད་འདུག དམིགས་བསལ་གྱི་དོན་རྐྱེན་འདྲ་བྱུང་མ་སོང་ཞེས་བཤད།།

ཁོ་པས་སྐུ་འབུམ་དགོན་པའི་རྒྱབ་རིའི་རྩེར་རྒྱ་གཞུང་གིས་ལྕགས་སྡོང་ཆེན་པོ་ཁ་ཤས་བཙུགས་ཡོད་པ་རྣམས་ནི་མང་ཚོགས་ཀྱིས་གླེང་སློང་བྱས་པ་ལྟར་ན་ཁ་པར་དང་གློག་ཀླད་སོགས་ཚོད་འཛིན་བྱ་སྤྱད་དང་དྲྭ་ལམ་དུ་རྒྱལ་ཁབ་ཀྱི་ཁྲིམས་ལ་རྒྱབ་འགལ་བྱེད་ཀྱིན་ཡོད་མེད་མྱུལ་ཞིབ་བྱེད་ཀྱི་ཡོད་པ་རེད་ཟེར། གང་ལྟར་དགོན་པའི་གླིང་དུ་གཏན་སྡོད་བྱེད་མཁན་ཚོས་དྲྭ་ལམ་དུ་རྒྱ་ནག་གི་གསར་འགྱུར་དང་གནས་ཚུལ་ཁག་ལ་ལྟ་ཉན་བྱེད་ཐུབ་ཀྱང་བོད་ཕྱི་ལོགས་ནས་བསྐུར་འོང་བའི་བརྙན་ཐུང་དང་གསར་འགྱུར་གྱི་རིགས་ལྟ་ཉན་བྱེད་མི་ཐུབ་པ་བཟོས་འདུག ཁ་སང་གསུམ་བཅུའི་དུས་དྲན་ཉིན་མོར་དགོན་པའི་གླིང་དུ་བོད་ཕྱི་ལོགས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་ཀྱང་དགོན་པ་དང་རྒྱང་ཐག་རིང་སའི་ཟི་ལིང་གྲོང་ཁྱེར་དང་ས་ཕྱོགས་གཞན་དུ་བསླེབས་ན་ཁ་པར་ནང་དུ་བོད་ཕྱི་ལོགས་ཀྱི་གསར་འགྱུར་སོགས་བརྒྱུད་བསྐུར་བྱས་ནས་འབྱོར་བ་ཁག་ལ་ལྟ་ཉན་བྱེད་ཐུབ་ཀྱི་འདུག་ཅེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG