ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐད་ཡིག་རང་དབང་ལ་བློས་གཏོང་གནང་མཁན་ཚོར་རྗེས་དྲན་ཞུས།


གོ་ལའི་སྤྱི་ཚོགས་ནང་རྒྱལ་ཁབ་འདྲ་མིན་ནང་མི་རིགས་ཇེ་སྙེད་ཅིག་ཡོད་པ་དེ་དག་གིས་དེ་རིང་ཕྱི་ཟླ་ ༢ ཚེས་༢༡ ཉིན་མོ་དེ་རྒྱལ་སྤྱིའི་མ་སྐད་ཉིན་མོར་སྲུང་རྩིས་ཞུས་ནས། རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྣ་མང་སྤེལ་ཡོད་པ་ལྟར། བཞུགས་སྒར་རྡ་རམ་ས་ལ་དང་རྒྱལ་ས་ལྡི་ལིའི་གཙོས་པའི་བོད་པ་གནས་འཁོད་ས་གནས་ཁག་ཅིག་ཏུའང་། བོད་ཀྱི་སྐད་ཡིག་གི་རིན་ཐང་དང་འབྲེལ་བའི་མཁས་པའི་གསུང་བཤད་དང་སྙན་རྩོམ་འགྲན་བསྡུར་སོགས་ཀྱི་སྒོ་ནས་མ་སྐད་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

ལྡི་ལིར་བོད་སྒར་བསམ་ཡས་གླིང་དུ་ངག་མེད་ཀྱི་མགྲིན་ཚབ་ཅེས་པའི་བོད་རིགས་ན་གཞོན་དྭང་བླང་པ་སྐོར་ཞིག་གིས་རྒྱ་ནག་གཞུང་གིས་བོད་སྐད་ཡིག་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལ་གདོང་ལེན་མཚོན་ཆེད། བོད་ཀྱི་སྐད་ཡིག་གི་རིན་ཐང་དང་འབྲེལ་ཏེ་རྩོམ་པ་པོ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་གདན་ཞུས་ཀྱིས་མང་ཚོགས་ལ་གཏམ་བཤད་དང་། ལོ་ན་༡༤་ནས་༡༨ བར་གྱི་བྱིས་པའི་སྙན་རྩོམ་འགྲན་སྡུར་སོགས་གོ་སྒྲིག་གནང་སོང་།

རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཇི་སྲིད་གང་ཟག་རང་ཉིད་དང་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་དང་། མཐུན་ལམ་འདོད་པ་དེ་སྲིད་བོད་ཡིག་སྦྱོང་མཁན་དང་བེད་སྤྱོད་མུ་མཐུད་ཡོང་རྒྱུ་ཡིན་ཞེས་གསུངས་ནས་བོད་ཡིག་གི་རིན་ཐང་སྐོར་ངོ་སྤྲོད་གནང་སོང་།

དམིགས་བསལ་སྐུ་མགྲོན་ལྡི་ལི་དོན་གཅོད་ཁང་གི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་བོད་ནང་སྐད་ཡིག་རང་དབང་མེད་པའི་སྐོར་ལ་གསུང་པ་དང་སྦྲགས། སྐད་ཡིག་རང་དབང་ཆེད་དུ་འཐབ་རྩོད་གནང་པ་ནི་རྒྱ་མི་ལ་ངོ་རྒོལ་མ་ཡིན་པར་རང་གི་ཐོབ་ཐང་རྩོད་པ་ཞིག་ཆགས་ཡོད་ཅེས་གསུངས་པ་དང་།

གཞན་ཡང་དེ་རིང་གི་མ་སྐད་ཉིན་མོའི་མཛད་སྒོའི་དེའི་ཐོག་ལས་རིམ་གོ་སྒྲིག་གནང་མཁན་ཚོར་ལམ་སྟོན་གནང་མཁན་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་དེ་རིང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་ལྟ་བུས་གཞིས་ལུས་བོད་མི་བློས་གཏོང་ལ་་རྗེས་དྲན་གྱིས་རྣམ་འགྱུར་གལ་ཆེ་ཞིག་ཆགས་ཡོད་ཅེས་གསུངས་སོང་།

ཡང་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བོད་པ་གནས་འཁོད་ས་གནས་གཞན་དུའང་། བགྲོ་གླེང་གཏམ་བཤད་སོགས་ཀྱི་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་མ་སྐད་ཉིན་མོ་སྲུང་བརྩི་ཞུས་འདུག་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་འདྲ་མིན་སྟེང་དུའང་མ་སྐད་ཉིན་མོ་སྲུང་བརྩི་དང་སྦྲགས། བོད་སྐད་ཡིག་གི་རིན་ཐང་སྐོར་ལ་རྩོམ་ཐུང་མང་དག་སྤེལ་བཞིན་འདུག གྲྭ་འཇམ་དབྱངས་ལགས་ཀྱིས་རང་གི་ངོ་དེབ་སྟེང་དེ་རིང་གི་ཉིན་མོ་སྲུང་བརྩི་ཞུས་འདུག

གཞི་རྩའི་འཛམ་གླིང་རྒྱལ་ཚོགས་ནས་གོ་ལ་འདིའི་སྟེང་གི་རྒྱལ་ཁབ་འདྲ་མིན་གྱི་མི་རིགས་སོ་སོའི་རང་གི་ཐོུང་མིན་པའི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་སྲུང་སྐྱོབ་དང་གོང་འཕེལ་ཡོང་ཆེད་༡༩༩༩ ནས་ལོ་ལྟར་ཕྱི་ཟླ་ ༢་ཚེས་༢༡ གི་ཉིན་མོ་དེ་བཞིན་རྒྱལ་སྤྱིའི་མ་སྐད་ཉི་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་ནོར་བཟང་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG