ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཡུལ་ཤུལ་གྱི་བོད་པ་གསུམ་འཛིན་བཟུང་།


༄༅།། ཕྱི་ཟླ་༢་པའི་ཚེས་༡༧་གྱི་དགོང་དྲོའི་ཆུ་ཚོད་༡༠་པ་ཡས་མས་སུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ། སྐྱེ་དགུ་མདོའི་ཁྲི་འདུ་རྫོང། གདོམ་མདའ་ཡུལ་ཚོའི་རྫ་དམར་སོག་རིང་སྡེ་པའི་ཀན་སྲི་དང་དགྲ་འདུལ། མཐོ་རིམ་སློབ་ཕྲུག་སངས་རྒྱས་མཚོ་བཅས་བོད་པ་གཞོན་སྐྱེས་གསུམ་ཡུལ་ཤུལ་ཁུལ་དང་གདོམ་མདའ་ཡུལ་ཚོའི་རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་འཛིན་བཟུང་བྱས་ཤིང་། ཐོག་མར་ཁོ་ཚོ་སྐྱེ་རྒུ་མདོའི་བཀག་ཉར་ཁང་དུ་བཅུག་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡང་དེའི་རྗེས་སུ་ན་གཞོན་དེ་དག་གི་གནས་སྟངས་ཅི་ཡིན་ཤེས་རྟོགས་མེད་པའི་གནས་སུ་གྱུར་འདུག

དེ་ཡང་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། རྒྱ་གཞུང་གི་ཉེན་རྟོག་པས་བོད་པ་ན་གཞོན་དེ་རྣམས་འཛིན་བཟུང་བྱས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་ཁ་གསལ་ཞིག་བརྒྱབ་མེད་ཀྱང་ས་གནས་མང་ཚོགས་ཀྱིས་ཟླ་བ་གཅིག་གི་གོང་དུ་ན་གཞོན་དེ་ཚོས་ལོ་སར་དུས་སུ་སྤྲོ་སྐྱིད་ཀྱི་བྱེད་སྒོ་སྤེལ་ཆེད་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཏེ་ཀན་སྲི་ཚོགས་གཙོར་བསྐོས་པའི་དོན་རྐྱེན་ཡིན་སྲིད། རྒྱ་ནག་གཞུང་གིས་དྲྭ་རྒྱའི་དོ་དམ་སྒྲིག་གཞི་གསར་པ་བཟོས་པ་ལྟར་སྐད་འཕྲིན་ཚོགས་པ་ཞིག་འཛུགས་དགོས་ན་དྲྭ་རྒྱའི་བདེ་འཇགས་དོ་དམ་ཁང་ལ་ཐོ་འགོད་བྱེད་དགོས་པ་དང་ཐོ་འགོད་བྱས་པའི་རྗེས་སུ་དྲྭ་རྒྱའི་བདེ་འཇགས་ཁང་གི་ལས་བྱེད་པ་ཞིག་སྐད་འཕྲིན་ཚོགས་པའི་ནང་ངེས་པར་དུ་འཇུག་དགོས་ཀྱི་ཡོད་པ་རེད། ཡིན་ནའང་སྐད་འཕྲིན་ཚོགས་པ་དེ་གནས་སྐབས་རིང་ཡིན་པས་ཐོ་འགོད་མ་བྱས་པའི་སྟབས་ཀྱིས་འཛིན་བཟུང་བྱས་པ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

སྐད་འཕྲིན་ཚོགས་པའི་མིང་ལ་རྫ་རི་དཀར་མོ་ཞེས་བཏགས་པ་ནི་ས་གནས་དེའི་བླ་རི་ཞིག་གི་མིང་ཡིན་ཞིང་། ཚོགས་པ་དེར་བོད་མདོ་དབུས་ཁམས་གསུམ་གྱི་ཚོགས་མི་༢༤༠་ལྷག་འདུས། ཉེ་ཆར་འཛིན་བཟུང་བྱས་པའི་བོད་པ་ན་གཞོན་གསུམ་གྱི་གྲས་དེའི་བུ་མོ་སངས་རྒྱས་མཚོ་ནི་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་མཐོ་སློབ་ཅིག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཅིག་ཡིན་འདུག གཞན་ཀན་སྲི་དང་དགྲ་འདུལ་གཉིས་ས་གནས་དེའི་འབྲོག་པ་རེད་ཅེས་བཤད། སྔ་ལོའི་ཕྱི་ཟླ་༢་པ་ནས་༤་པའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སྤྱི་དང་། ཁྱད་པར་དུ་སྐྱེ་རྒུ་ཁུལ་དུ་འགྲོ་འོང་ལ་དམ་དྲག་ཧ་ཅང་ཆེན་པོ་བྱས་ཤིང་། ས་གནས་དོ་དམ་ལས་ཁུངས་ཀྱིས་མགྲོན་ཁང་ཚང་མར་གཅིག་མཚུངས་ཀྱི་བཀོད་ཁྱབ་བཏང་སྟེ་འགྲུལ་པའི་ཐོབ་ཐང་ལག་འཁྱེར་སོགས་ཐོ་འགོད་གསལ་པོ་བྱ་དགོས་པའི་བཀོད་ཁྱབ་བཏང་བ་རེད། ད་ལོ་ནམ་རྒྱུན་དང་མི་འདྲ་བར་བོད་པ་ཞིག་ཡིན་ན་ཐོབ་ཐང་ལག་འཁྱེར་ཆ་ཚང་ཡོད་ཀྱང་ས་གནས་དོ་དམ་ལས་ཁུངས་ལ་ཁ་པར་བཏང་སྟེ་ཐོ་འགོད་བྱེད་ཆོག་མིན་སྙན་སེང་ཞུས་ནས་ཐག་གཅོད་བྱེད་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG