༄༅།། ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་༡༢་པ་སྟེ། ཕྱི་ཟླ་༩་པའི་ཚེས་༩་ནས་ཚེས་༡༢་བར་དུ་ཉིན་གྲངས་བཞིའི་རིང་འཛུ་རིག་གྲོང་ཁྱེར་གྱི་ཁོ་སི་མོ་སི་གློག་བརྙན་ཁང་དུ་ཚུགས་སོང་། ད་ལོ་བོད་ཕྱི་ནང་གཉིས་ཀྱི་བོད་པ་གློག་བརྙན་བཟོ་སྐྲུན་པ་བདུན་གྱིས་ཕབ་སྐྲུན་བྱས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་གློག་བརྙན་ལྔ་དང་བོད་ནང་གི་གློག་བརྙན་གཉིས་བཅས་ཁྱོན་བསྡོམས་བོད་པའི་གློག་བརྙན་བདུན་གློག་བརྙན་ཁང་དུ་མི་དམངས་ལ་གཟིགས་འབུལ་ཞུས་ཤིང་། གློག་བརྙན་ཆེད་ལས་པ་སོགས་གདན་འདྲེན་གྱིས་བོད་ཀྱི་གློག་བརྙན་སྐོར་བགྲོ་གླེང་ཚུགས་འདུག
ད་ཐེངས་ཀྱི་བོད་པའི་གློག་བརྙན་དུས་སྟོན་བཀོད་སྒྲིག་པའི་གྲས་ཀྱི་རི་སོར་འཇིགས་མེད་ཀྱིས་གློག་བརྙན་དུས་སྟོན་གྱི་གཏམ་བཤད་གནང་ཡོད་ཅིང་། གློག་བརྙན་དུས་སྟོན་ལ་ཕེབས་པའི་ཕྱི་ནང་གི་ལྟད་མོ་བའི་གྲས་སུ་གཞི་སྲས་ཚང་བློ་བཟང་གིས་བོད་ཀྱི་གློག་བརྙན་ལ་བལྟས་པའི་རྗེས་སུ་སྒེར་གྱི་མྱོང་ཚོར་རྣམས་བཤད། ཁོང་གིས་བོད་ཀྱི་གློག་བརྙན་དུས་སྟོན་བཀོད་སྒྲིག་པ་ཚོས་དཀའ་ལས་ཆེན་པོ་ཞིག་བརྒྱབ་ནས་གཞོན་སྐྱེས་ཚོར་སྡིངས་ཆ་བསྐྲུན་ཏེ་གོ་སྐབས་སྤྲད་པ་དཔེ་མི་སྲིད་པའི་ཡག་པོ་མཐོང་སོང་ཞེས་བསྔགས་བརྗོད་གནང་སོང་བར་མ་ཟད། ང་ཚོས་ཀྱང་རྒྱབ་སྐྱོར་བྱེད་རྒྱུ་དང་མཉམ་ཞུགས་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་བསྟན།།
བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་༡༢་པ་འདིར་ཕེབས་པའི་ལྟད་མོ་བ་རི་སྤི་བློ་ལྡན་གྱིས་གློག་བརྙན་སྐོར་གྱི་མྱོང་ཚོར་བརྗོད། བོད་ཀྱི་གློག་བརྙན་དུས་སྟོན་ནི་རྡ་རམ་ས་ལ་གཙོས་སུད་སི་དང་འཇར་མན་ཎི། དེ་བཞིན་དབྱིན་ཡུལ་བཅས་སུ་ལོ་ལྟར་ཚུགས་བཞིན་ཡོད་ཀྱང་༢༠༢༡་ལོར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་ཐུབ་མེད་པ་བཅས་ཀྱི་སྐོར། ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ནག་མགོ་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།