ངོ་འཕྲད་བདེ་བའི་དྲ་འབྲེལ།

རང་སྲོག་གཅོད་རྒྱུ་འགོག་ཐབས་ཀྱི་ཉིན་མོར་སྲུང་བརྩི།


༄༅།། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པས་ཕྱི་ཟླ་༩་པའི་ཚེས་༡༠་ཉིན་རང་སྲོག་གཅོད་རྒྱུ་འགོག་ཐབས་ཀྱི་རྒྱལ་སྤྱིའི་ཉིན་མོར་བསྟུན་ཏེ་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་སོགས་ཀྱིས་མང་ཚོགས་ལ་ཐད་ཀར་འབྲེལ་བ་ཡོད་པའི་བོད་པ་༢༧་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་རང་སྲོག་གཅོད་རྒྱུ་འགོག་ཐབས་སུ་བགྲོ་གླེང་ཚུགས་འདུག སེམས་ཁམས་འཕྲོད་བསྟེན་ཆེད་སྦྱོང་གི་སློབ་གཉེར་བ་ཚེ་རིང་དབྱངས་སྒྲོན་གྱིས་དེང་སྐབས་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཚོ་བའི་དཀའ་ངལ་སོགས་གནས་སྟངས་མང་པོ་ཞིག་གིས་འཛམ་གླིང་ཡུལ་གྲུ་གང་སར་མི་ཚོས་རང་སྲོག་གཅོད་ཀྱི་ཡོད་པ་གཅིག་པུ་མིན་པར་སེམས་ཁམས་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག རྒྱལ་སྤྱིའི་དུས་ཆེན་འདི་ལྟ་བུ་བརྒྱུད་ནས་བོད་པའི་སྤྱི་ཚོགས་སུ་སེམས་ཁམས་འཕྲོད་བསྟེན་གྱི་ཤེས་བྱ་མཚམས་སྦྱོར་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་ནན་བརྗོད་བྱས་འདུག

ན་ནིང་ཕྱི་ཟླ་༣་པའི་ནང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་བྱུང་བའི་གཞུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་ཟུར་འགོག་འོག་ཏུ་བཞག་པའི་བོད་པ་སྟོང་ཕྲག་འགར་ཁ་པར་བཏང་སྟེ་སེམས་གསོ་གནང་འདུག དེ་བཞིན་ནད་པའི་སེམས་ཁམས་ཀྱི་དཀའ་ངལ་བཤད་སའི་ཆེད་ལས་པའི་ཚོགས་ཆུང་བཙུགས་ནས་བོད་པ་ལྔ་བཅུ་ལྷག་ལ་འབྲེལ་བ་ཞུས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལོ་ཤས་སྔོན་ནས་བཟུང་སྟེ་བོད་པའི་སྤྱི་ཚོགས་སུ་སེམས་ཁམས་འཕྲོད་བསྟེན་ལ་དམིགས་བསལ་གྱིས་ཐུགས་ཁུར་གནང་གི་ཡོད་ཅིང་། ལོ་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་རང་སྲོག་གཅོད་རྒྱུ་འགོག་ཐབས་ཀྱི་ཉིན་མོར་སྲུང་བརྩི་ཐེངས་དང་པོ་ཞུས་འདུག འདས་པའི་ལོ་ཤས་སུ་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུའང་བོད་པ་རང་སྲོག་གཅོད་མཁན་ཁག་ཅིག་བྱུང་ཞིང་། སེམས་ཁམས་འཕྲོད་བསྟེན་གྱི་ཆེད་སྦྱོང་སློབ་གཉེར་བ་ཚེ་རིང་དབྱངས་སྒྲོན་ལགས་ཀྱིས་ང་ཚོས་སེམས་ཁམས་ཀྱི་དཀའ་ངལ་འཕྲད་བཞིན་པ་ཚོར་འབྲེལ་བ་བྱ་ཡུལ་སྡིངས་ཆ་ཞིག་བསྐྲུན་པའི་རྗེས་སུ་སེམས་ངལ་སེལ་བའི་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབས་ཐུབ་སོང་ཞེས་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་ཁྱོན་དུ་དེ་རིང་གི་ཉིན་མོ་ཙམ་མ་ཟད། ཕྱི་ཟླ་དགུ་པ་ཧྲིལ་པོ་རང་སྲོག་གཅོད་རྒྱུ་འགོག་ཐབས་ཀྱི་ཟླ་བར་སྲུང་བརྩི་ཞུ་བཞིན་ཡོད་པ་སྟེ། ཁོ་ཚོའི་སྤྱི་ཚོགས་དྲྭ་ལམ་ཨིན་སི་ཊ་གྷ་རམ་ལ་སེམས་འཕྲིན་ཞེས་པའི་མིང་བྱང་འོག རང་སྲོག་གཅོད་རྒྱུ་འགོག་ཐབས་དང་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད་འདུག བཞུགས་སྒར་རྡ་རམ་ས་ལར་བགྲོ་གླེང་གི་ལས་རིམ་སོགས་སྤེལ་བཞིན་པ་ལྟར་བོད་མི་གནས་སྡོད་ཆེ་ས་སྦེལ་ཀོབ་གཞིས་ཆགས་ཀྱི་འཚོ་བྱེད་སྨན་ཁང་དུའང་དེ་ལྟ་བུའི་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ། སང་ཉིན་ཨ་རིར་གནས་བཞུགས་སེམས་ཁམས་སྨན་པ་ཀུན་དགའ་ནོར་འཛོམས་ཀྱིས་དྲྭ་ལམ་བརྒྱུད་ནས་བགྲོ་གླེང་གནང་རྒྱུའི་ལས་རིམ་ཞིག་བཀོད་སྒྲིག་ཞུས་འདུག ད་ལྟའི་དུས་སྐབས་སུ་སྤྱི་ཚོགས་གང་སར་སེམས་ཁམས་ཀྱི་དཀའ་ངལ་ཡོད་མཁན་ཚོས་སོ་སོའི་དཀའ་ངལ་གླེང་སློང་ཐུབ་ཐབས་སུ་མང་ཚོགས་ཀྱིས་སེམས་ཁམས་དཀའ་ངལ་ལ་དང་ལེན་ཐུབ་རྒྱུ། ཐ་སྙད་བེད་སྤྱོད་བྱེད་ཕྱོགས་དང་གོ་ནོར་ཐེབས་པའི་གནས་ཚུལ་ཁག་ལ་གསལ་ཁ་གཏོད་རྒྱུ། དེ་བཞིན་སྤྱི་ཚོགས་ཀྱི་མཐོང་ཚུལ་ངན་པ་མི་ཡོང་བ་བཅས་ལ་ཤུགས་རྒྱག་བཞིན་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG