ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་མིའི་སྒྲིག་འཛུགས་ཀྱིས་ཉམ་ཐག་ལ་ལྟ་སྐྱོང་སྲིད་ཇུས་གཏན་འབེབས།


༄༅།། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ཟླ་༩་ཚེས་༤་ཉིན་བོད་མི་ཉམ་ཐག་ཚོར་ལྟ་སྐྱོང་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་ལམ་སྟོན་གཏན་འབེབས་གནང་ཡོད་ཅིང་། ཕྱི་ལོ་༡༩༩༧་ལོ་ནས་ད་ལྟའི་བར་དུ་ལོ་༢༥་ལྷག་གི་རིང་ལ་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་རྟོག་ཞིབ་ཀྱིས་དགོས་ངེས་ཅན་ཚོར་འཚོ་སྣོན་དང་སློབ་ཡོན། སྨན་ཡོན་བཅས་ཀྱི་རོགས་རམ་གང་ཐུབ་གནང་མུས་སུ་ཡོད་ཀྱང་ཉམ་ཐག་རེ་ཟུང་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་ཞལ་འདེབས་སྡུད་སློང་གི་གནས་ཚུལ་བྱུང་སྟེ་སྤྱི་ཚོགས་གང་སར་བསམ་ཚུལ་ཇི་སྙེད་ཅིག་བྱུང་ཡོད་པས་ཚད་ལྡན་གྱི་བྱེད་ཕྱོགས་གཅིག་གྱུར་ཅིག་དགོས་གལ་ཆེན་པོར་གཟིགས་ཏེ་མ་འོངས་པར་ཞལ་འདེབས་སྡུད་སློང་བྱེད་མཁན་ཚོས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ཁག་དང་ས་གནས་འགོ་འཛིན་ནམ། ཡང་ན་འབྲེལ་མཐུད་པར་གྲོས་སྡུར་དང་ལམ་སྟོན་ཞུས་ནས་ཞལ་འདེབས་སྡུད་སློང་བྱེད་དགོས་པའི་ཡོངས་ཁྱབ་ལམ་སྟོན་བཀོད་ཁྱབ་ཅིག་བཀྲམ་འདུག

དབུས་ཉམ་ཐག་གཟིགས་རྟོག་ཚོགས་ཆུང་གི་ཚོགས་མི་དང་ནང་སྲིད་ལས་ཁུངས་ཀྱི་བོད་མིའི་བདེ་དོན་སྡེ་ཚན་གྱི་འགན་འཛིན་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལ་སྔ་ལོའི་ཕྱི་ཟླ་༧་པའི་ཚེས་༣༡་ཉིན་ནང་སྲིད་ལས་ཁུངས་ཀྱིས་ཉམ་ཐག་ལ་རོགས་རམ་སྤྲོད་ཕྱོགས་ཐད་གསལ་བསྒྲགས་ཤིག་སྤེལ་བ་དེ་དང་ད་ཐེངས་ཀྱི་བཀོད་ཁྱབ་གཉིས་ལ་མི་འདྲ་བའི་ཁྱད་པར་ཅི་ཡོད་དྲིས། ཁོང་གིས་སྔ་ལོའི་གསལ་བསྒྲགས་ནི་ནང་སྲིད་ལས་ཁུངས་ཀྱིས་བཀའ་ཤག་གི་ལམ་སྟོན་ལྟར་བཀྲམ་པའི་གསལ་བསྒྲགས་ཤིག་ལས་ལམ་སྟོན་གང་ཡང་མ་རེད། ད་རེས་ཀྱི་དེ་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་རེད་ཅེས་བཀྲལ། ཁོང་གིས་སྔ་ལོའི་གསལ་བསྒྲགས་དེར་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་དཔལ་འབྱོར་སྡུད་སློང་མ་བྱས་ན་ལེགས་ཞེས་འགོད་དགོས་པའི་རྒྱུ་མཚན་རྣམས་གསལ་བཀྲོལ་གནང་ཡོད་པ་སྟེ། བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་རྣམས་ཉམ་ཐག་མགོན་མེད་དུ་མ་བཞག་པར་དུས་ནས་དུས་སུ་གཞི་རྩའི་དགོས་མཁོ་ཆ་ཚང་ཞིག་འཐོབ་ཐབས་སུ་གཟིགས་རྟོག་གང་ཐུབ་བྱེད་བཞིན་ཡོད། ད་དུང་དེའི་ཁར་འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཉམ་ཐག་གི་ཐོ་གཞུང་དུ་མ་འཁོད་པར་འཚོ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་ཚོ་ལའང་གང་ཐུབ་ཀྱིས་མཐུན་འགྱུར་སྦྱོར་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

ནང་སྲིད་ལས་ཁུངས་ཀྱི་བོད་མིའི་བདེ་དོན་སྡེ་ཚན་གྱི་འགན་འཛིན་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ཀྱིས་བཀའ་ཤག་གིས་ཉམ་ཐག་ལ་ལྟ་སྐྱོང་གི་ལམ་སྟོན་སྲིད་ཇུས་གཏན་འབེབས་བྱས་དོན་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཐོ་གཞུང་དུ་འཁོད་ཡོད་པའི་ཉམ་ཐག་གཅིག་པུ་མ་ཡིན་པར་དཀའ་ངལ་ཕྲད་ནས་དཔལ་འབྱོར་སྡུད་སློང་བྱེད་མཁན་ཡོངས་ལ་གོ་དགོས། ལམ་སྟོན་དེ་དག་སྤྱི་ཚོགས་སུ་རོགས་དངུལ་ཉིས་ལྡབ་མི་ལེན་པ་དང་ཉམ་ཐག་ཚང་མར་རོགས་དངུལ་ཆ་སྙོམས་ཤིག་འཐོབ་ཐབས་ཁོ་ནར་དམིགས་པ་ཞིག་ཡིན་པས་འབྲེལ་ཡོད་ཚང་མས་གོ་ནོར་མ་ཐེབས་པ་ཞིག་གནང་རྒྱུ་གལ་ཆེན་ཡིན་ཞེས་ནན་བརྗོད་གནང་སོང་།།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་པའི་ས་མིག་གཏན་འབེབས་ཀྱི་རྩ་འཛིན་བཀོད་ཁྱབ་ཅིག་ཀྱང་ཡོངས་གྲགས་སུ་སྤེལ་འདུག བཀོད་ཁྱབ་དེ་ཉིད་འཛིན་སྐྱོང་གིས་ཕྱི་ཟླ་༧་པའི་ཚེས་༨་ཉིན་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་གནད་དོན་དེ་དག་ལ་བསྐྱར་ཞིབ་བྱེད་འགོ་ཚུགས་ཡོད་པར་མ་ཟད། ཉེ་ལམ་ཕྱི་ཚེས་༣༠་ཉིན་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ཁག་འཛིན་སྐྱོང་བཀའ་ཤག་ལ་ཕུལ་འབྱོར་བྱུང་དོན་བཞིན་འཛིན་སྐྱོང་གིས་རྟོག་ཞིབ་དང་ཞིབ་འཇུག་བྱས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་པའི་ས་མིག་ཁག་གཏན་འབེབས་གནང་བ་ཞིག་རེད་ཅེས་བཀོད། རྩ་འཛིན་བཀོད་ཁྱབ་དེ་ཉིད་ཟླ་བ་འདིའི་ཚེས་༦་ནས་ལག་བསྟར་བྱ་རྒྱུ་དང་གཏན་འབེབས་ཟིན་པའི་ས་མིག་དེ་དག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་༡༡་གི་ཆ་རྐྱེན་འོག་མ་གཏོགས་གསར་གཏོད་དང་ཕྱིར་བསྡུ་བྱེད་མི་ཆོག་ཅིང་། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ལས་ཁུངས་གསར་འཛུགས་དང་ལས་དོན་གསར་གཏོད་སོགས་ལ་དམིགས་ཏེ་ས་མིག་གསར་གཏོད་དང་ལས་ཁུངས་ཕན་ཚུན་གྱི་ལས་བྱེད་པ་བརྗེ་སྒྱུར་སོགས་བྱེད་དགོས་ཚེ། བཀའ་ཤག་ལ་སྙན་སེང་རྒྱབ་གཉེར་ཞུས་ཏེ་ངོ་བཤུས་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་འབུལ་དགོས་ཞེས་བསྟན། ལས་ཁུངས་རེར་གནས་རིམ་གང་ལ་ས་མིག་ཇི་ཡོད་བཅས་པ་གསལ་བའི་རེའུ་མིག་ཤོག་གྲངས་༡༤་ཟུར་སྦྱར་ཞུས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG