ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་པའི་སློབ་གྲྭ་འགྲིམས་མྱོང་མེད་པའི་སློབ་ཕྲུག་༢༠་ལ་བོད་སྐད་སློབ་ཁྲིད།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཐུན་མོང་གིས་གོ་སྒྲིག་འོག་ཕྱི་ཚེས་༢༥་ཉིན་རྒྱ་གར་གྱི་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་གི་ཁྱབ་ཁོངས་སུ་མ་འདུས་པའི་ས་གནས་ལྡེ་ར་ལྡུན་དང་མ་སུ་རི། ལྡི་ལི་དང་སིམ་ལ། ཝཱ་ར་ཎ་སི། མན་སྤར་བཅས་སུ་རྒྱ་གར་དང་དབྱིན་ཇིའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་བོད་པའི་སློབ་ཕྲུག་༢༠་ཐམ་པར་དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ལས་གཞི་ཐེངས་དང་པོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མགོ་ཚུགས་འདུག

ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་གིས་གསར་འགོད་པར་ལས་གཞི་འདི་གོ་སྒྲིག་ཞུ་དགོས་དོན་ནི་རྒྱ་གར་དང་དབྱིན་ཇིའི་སློབ་གྲྭ་ཁག་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་སྦྱང་རྒྱུའི་གོ་སྐབས་དེ་ཙམ་རག་གི་མེད་སྟབས་དེ་དག་གི་ཆེད་དུ་དམིགས་པ་ཡིན། ལས་གཞི་འདིར་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་ཚོས་བོད་སྐད་ཤེས་ཀྱི་ཡོད་ཀྱང་བོད་ཡིག་ཤེས་ཚད་དམའ་མོ་རེད། ཁོ་ཚོའི་ཤེས་ཚད་ལ་གཞིགས་ནས་འཛིན་གྲྭ་ཁག་གཉིས་བཙུགས་ཏེ་བོད་ཡིག་འབྲི་ཀློག་ནས་རྨང་གཞིའི་ཤེས་ཡོན་སློབ་ཁྲིད་བྱེད་ཀྱི་ཡོད། ད་དུང་ཟློས་གར་སོགས་བོད་ཀྱི་རིག་གནས་ཆུང་བའི་སློབ་གཞི་ཁག་ཅིག་ཀྱང་གོ་སྒྲིག་ཞུས་ནས་སློབ་ཀྱི་ཡོད་ཅེས་ངོ་སྤྲོད་གནང་འདུག

ལས་གཞི་འདིར་མཉམ་ཞུགས་བྱེད་མཁན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་འཛིན་རིམ་དགུ་པའི་སློབ་ཕྲུག་ལོ་ན་༡༤་ལ་སོན་པའི་བུ་མོ་ངག་དབང་དབྱངས་སྒྲོལ་གྱིས་སློབ་གྲྭའི་ནང་དུ་དབྱིན་སྐད་མ་གཏོགས་བོད་སྐད་དང་བོད་ཡིག་སྦྱང་རྒྱུ་མེད་པ་རེད། དེས་ན་དབྱར་ཁའི་གུ་གསེང་སྐབས་སུ་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་རྒྱུ་ཡིན། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱང་རྒྱུ་གལ་ཆེན་པོ་རེད་ཅེས་བཀྲལ། ད་ལོའི་དབྱར་ཁའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ལས་གཞི་འདི་ཕྱི་ཟླ་༥་ཚེས་༢༥་ནས་ཕྱི་ཟླ་༦་ཚེས་༡༥་བར་དུ་འཚོགས་ཀྱི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG