ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་བལ་ཡུལ་ལ་རྒྱ་ནག་གཅིག་གི་སྲིད་ཇུས་དྲན་སྐུལ།


༄༅།། ཉེ་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛ་ར་ཛི་ཡ་བལ་ཡུལ་དུ་ཕེབས་ནས་བོད་པ་བཙན་བྱོལ་བའི་གཞིས་སྒར་ཁག་ཏུ་གཟིགས་ཞིབ་དང་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་ཐུག་འཕྲད། ཨ་མི་རི་ཀ་དང་བལ་ཡུལ་གྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་བཅས་ལ་སྲིད་བློན་དྷོ་ཡེ་བྷ་དང་ཐུག་འཕྲད་གྲོས་མོལ་བྱས་པར་རྒྱ་ནག་དོགས་འདྲོག་ཆེན་པོ་ཞིག་ལངས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༢༦་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དང་བལ་ཡུལ་གྱི་གྲོས་མོལ་ཚོགས་འདུ་ཐེངས་༡༤་པའི་ཐོག་ཏུ་རྒྱ་ནག་གཞུང་གིས་བལ་ཡུལ་ལ་ཕྱི་ནང་གི་ཤུགས་རྐྱེན་ཅི་ཞིག་ཡིན་རུང་རྒྱ་ནག་གཅིག་གི་རྩ་དོན་ལ་དོ་ཕོག་འགྲོ་རུ་འཇུག་མི་ཉན་ཞེས་དྲན་སྐུལ་བྱས་འདུག རྒྱ་ནག་གཞུང་གིས་ཁ་གསངས་ནས་མ་བཤད་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མ་ཨ་ཛ་ར་ཛི་ཡ་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཏེ་བོད་པ་བཙན་བྱོལ་བའི་གཞིས་སྒར་ཁག་ཏུ་གཟིགས་ཞིབ། བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་ཐུག་འཕྲད་བྱེད་དུ་བཅུག་པར་རྒྱ་ནག་དགའ་མོས་བྱུང་མེད་པའི་རྣམ་འགྱུར་གསལ་པོར་བསྟན་སོང་ཞེས་རྒྱ་ནག་དང་བལ་ཡུལ་གྱི་གྲོས་མོལ་ཚོགས་འདུར་ཞུགས་པའི་འཐུས་མི་ཞིག་གིས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ནང་མོལ་བྱས་འདུག བལ་ཡུལ་དང་རྒྱ་ནག་གི་གྲོས་མོལ་ཚོགས་འདུ་དེར་བལ་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གཉིས་མཉམ་ཞུགས་བྱས་ཤིང་། ཕྱོགས་གཉིས་ཀྱི་གྲོས་མོལ་ཚོགས་འདུའི་ཐོག་ཏུ་བལ་ཡུལ་དང་རྒྱ་ནག་གི་འབྲེལ་བ་ཡོད་དོ་ཅོག་ལ་གྲོས་སྡུར་དང་བསྐྱར་ཞིབ་བྱེད་སྲོལ་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༢༠་ནས་༢༢་བར་དུ་ཉིན་གསུམ་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བལ་ཡུལ་དུ་ཕེབས་ནས་བོད་པ་བཙན་བྱོལ་བ་ཚོར་ཐུག་འཕྲད་བྱུང་འདུག བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འོག་མ་ཨ་ཛ་ར་ཛི་ཡ་བལ་ཡུལ་དུ་ཕེབས་པའི་སྐབས་དེ་གཟའ་མཇུག་ལ་ཁེལ་ཡོད་པ་དང་ཁོང་གིས་བོད་པ་བཙན་བྱོལ་བ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་མ་སོང་། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་རྩ་འཛིན་བྱེད་ཀྱི་ཡོད་པར་འགྱུར་བ་མེད། བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་དགྲར་འཛིན་གྱི་ལས་འགུལ་གཅིག་ཀྱང་སྤེལ་དུ་འཇུག་གི་མེད་ཅེས་ཁས་ལེན་དམ་བཅའ་རྣམས་བསྐྱར་དུ་བཟློས། ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོག་ཨ་ཛ་ར་ཛི་ཡ་བལ་ཡུལ་དུ་མ་འབྱོར་སྔོན་ནས་རྒྱལ་ས་ཀ་ཐ་མན་རྡུར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་བལ་ཡུལ་གྱི་ནང་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ནས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཞེས་བསྐུལ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འོག་མས་བལ་ཡུལ་གྱི་སྲིད་བློན་དྷོ་ཡེ་བྷ་དང་ཕྱི་སྲིད་བློན་ཆེན། ནང་སྲིད་བློན་ཆེན་སོགས་བལ་ཡུལ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་གྲོས་མོལ་བྱས་པར་མ་ཟད། བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་གནས་སྟངས་གླེང་སློང་། ༡༩༩༥་ནས་བལ་ཡུལ་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་སྐྱབས་བཅོལ་བའི་ལག་འཁྱེར་སྤྲོད་རྒྱུ་མཚམས་བཞག བལ་ཡུལ་རྒྱལ་ཡོངས་སུ་བོད་པ་བཙན་བྱོལ་བ་༡༥༠༠༠་ཡས་མས་ཤིག་ཡོད་ཀྱང་བོད་པ་༧༠༠༠་ཡས་མས་ཤིག་ལ་བལ་ཡུལ་གཞུང་གིས་སྐྱབས་བཅོལ་བའི་ལག་འཁྱེར་མ་སྤྲད། དེར་བརྟེན་བལ་ཡུལ་གྱི་བོད་པ་བཙན་བྱོལ་བ་མང་དག་ཅིག་གི་བུ་ཕྲུག་རྣམས་སློབ་ཆེན་འགྲིམ་པ་དང་ཕྱི་རྒྱལ་ལ་འགྲིམ་འགྲུལ། ཚོང་ལས་གཉེར་ཆོག་པ་སོགས་ཀྱི་ཐོབ་ཐང་མང་པོ་ཞིག་རག་གི་མེད་པ་རེད།།

བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་དྷོ་ཡེ་བྷས་སྲིད་དབང་བཟུང་ནས་བཟུང་། བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད། དེ་བཞིན་ཨ་རི་དང་བལ་ཡུལ་གྱི་འབྲེལ་བའང་བཟང་ཕྱོགས་སུ་འགྱུར་མགོ་ཚུགས། ལྷག་པར་དུ་ཨ་མི་རི་ཀས་བལ་ཡུལ་ལ་ཨ་སྒོར་དུང་ཕྱུར་༥་རོགས་རམ་སྤྲད་པའི་རྗེས་སུ་རྒྱ་ནག་གིས་བལ་ཡུལ་ལ་རྒྱ་གར་དང་ཨ་མི་རི་ཀའི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པར་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། བལ་ཡུལ་གྱི་སྲིད་བློན་ཟུར་པ་ཤར་མ་ཨོ་ལིའི་དུས་སུ་རྒྱ་ནག་གིས་འགོག་རྐྱེན་བསླངས་ནས་བལ་ཡུལ་གྱི་གྲོས་ཚོགས་སུ་ཨ་རིའི་རོགས་དངུལ་ལེན་རྒྱུ་དེར་གྲོས་ཆོ་འཇོག་མ་ཐུབ་པར་ཐེངས་གཉིས་འགགས། ཨ་རིའི་གཞུང་གིས་བལ་ཡུལ་གྲོས་ཚོགས་ཀྱིས་ཨ་མི་རི་ཀའི་རོགས་དངུལ་ལེན་རྒྱུའི་གྲོས་ཆོད་འཇོག་མ་ཐུབ་ཚེ། ཨ་མི་རི་ཀ་དང་བལ་ཡུལ་གྱི་འབྲེལ་བར་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཞིང་། བལ་ཡུལ་གྲོས་ཚོགས་ཀྱིས་ཨ་རིའི་རོགས་དངུལ་ལེན་རྒྱུའི་ཐག་བཅད་པའི་ཞོར་དུ་ཨ་རི་དང་བལ་ཡུལ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༧༥་འཁོར་བའི་གོ་སྐབས་བཟུང་སྟེ་ཨ་མི་རི་ཀས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་ཐབས་དང་རྒྱ་ནག་གི་ཤུགས་རྐྱེན་འགོག་རྒྱུ་ཤུགས་ཆེ་རུ་བཏང་འདུག རྒྱལ་སྤྱིའི་ཐོག་ཏུ་ཨ་རི་དང་རྒྱ་ནག་གི་འགྲན་རྩོད་ཅི་ཙམ་ཤུགས་ཆེ་རུ་སོང་ན་ཨ་མི་རི་ཀས་བལ་ཡུལ་ལ་དོ་སྣང་བྱ་རྒྱུ་དེ་ཙམ་གྱིས་ཤུགས་ཆེ་རུ་སོང་། རྒྱ་ནག་གིས་བལ་ཡུལ་དུ་གནས་འཁོད་བོད་པ་རྣམས་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མར་ཐུག་འཕྲད་གྲོས་མོལ་སྐབས་སུ་རྒྱ་དཀར་ནག་གི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་བལ་ཡུལ་གྱིས་ཧ་ཅང་གཟབ་ནན་བྱ་དགོས་པ་གསལ་བཀྲོལ་བྱས་པ་རེད་ཅེས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བལ་ཡུལ་དུ་མ་ཕེབས་སྔོན་དེར་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུས། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མས་བལ་ཡུལ་གྱི་བུད་མེད་བྷུ་མི་ཀ་ཤ་རེ་ས་ཐ་དང་མུ་ས་ཀན་ཀཱ་ཏུན་གཉིས་ལ་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་སྤྲད། ཕྱི་ཚེས་༢༡་ཉིན་ཇ་ཝ་ལ་ཁལ་ས་གནས་ཀྱི་བོད་པ་བཙན་བྱོལ་བའི་གཞིས་སྒར་ལ་གཟིགས་ཞིབ་དང་གཞིས་སྒར་གྱི་བོད་པའི་འགོ་ཁྲིད་ཚོར་ཐུག་འཕྲད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་དུས་ཡུན་ཆུ་ཚོད་གཅིག་ལྷག་ལ་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་གནས་སྟངས་ལ་གསན་ཞིབ་གནང་སོང་། ཕྱི་སྲིད་དྲུང་ཆེ་འོག་མ་ཛི་ཡས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལའང་ཐུག་འཕྲད་བྱས་ནས་བོད་པ་བཙན་བྱོལ་བ་ཚོར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་ཅི་ཡོད་གྲོས་མོལ་བྱས་སོང་ཞེས་ཨ་རིའི་གཞུང་ཚབ་ཁང་ཁག་གི་ལས་སྣེ་ཚོས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གཟའ་སྤེན་པའི་ཕྱི་དྲོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བལ་ཡུལ་མཆོད་རྟེན་ཁུལ་དུ་ཕེབས་ནས་བོད་པ་བཙན་བྱོལ་བའི་གནས་སྟངས་ལ་གཟིགས་ཞིབ། ཁོང་གིས་བལ་ཡུལ་མཆོད་རྟེན་གྱི་འདྲ་པར་ཞིག་ཊོས་ཊར་དྲྭ་ལམ་དུ་བཀྲམ་ནས་བལ་ཡུལ་མཆོད་རྟེན་ལ་མཇལ་རྒྱུ་བྱུང་བར་དགའ་ཚོར་བྱུང་། རབ་ཏུ་ཕྱུག་པའི་བལ་ཡུལ་གྱི་ཆོས་ལུགས་དང་བཟོ་བཀོད། བྱུང་རབས་བཅས་པ་ངོ་མཚར་ཆེ་ཞེས་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་འཚམས་འདྲི་མཇུག་མ་སྒྲིལ་གོང་དུ་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གྱི་བོད་པ་བཙན་བྱོལ་བ་གནས་ཡུལ་ཁག་འགའ་ཞིག་ལ་གཟིགས་ཞིབ་གནང་འདུག

བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ང་ཚོའི་དཀའ་ངལ་ཆེ་ཤོས་ནི་བལ་ཡུལ་གཞུང་གིས་སྐྱབས་བཅོལ་བའི་ལག་འཁྱེར་སྤྲོད་ཀྱི་མེད་པ་དེ་རེད། ང་ཚོར་སྐྱབས་བཅོལ་བའི་ལག་འཁྱེར་མེད་ན་སློབ་གཉེར་དང་ཚོང་ལས། ལས་ཀ་འཚོལ་བ་དང་ཕྱི་རྒྱལ་ལ་བསྐྱོད་པ། སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་རྒྱུ་སོགས་ལ་འགོག་རྐྱེན་འཕྲད་ཀྱི་འདུག་ཅེས་བཤད། རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་རྒྱ་ནག་ལ་ངོ་རྒོལ་གྱི་ཆབ་སྲིད་ལས་འགུལ་གཅིག་ཀྱང་སྤེལ་དུ་འཇུག་གི་མེད་མོད། འོན་ཀྱང་ཨ་མི་རི་ཀས་རྟག་ཏུ་བལ་ཡུལ་གཞུང་ལ་བོད་པ་བཙན་བྱོལ་བའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲད། ཕྱི་ཟླ་༥་པའི་ཚེས་༢༦་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ཟུར་པ་ཤར་མ་ཨོ་ལིས་བལ་ཡུལ་གཞུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་འོག་མ་སྟེ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛ་ར་ཛི་ཡ་བོད་པ་བཙན་བྱོལ་བ་ཚོར་ཐུག་འཕྲད་བྱེད་དུ་བཅུག་པར་ངོ་རྒོལ་བྱས་འདུག ཤར་མ་ཨོ་ལིའི་བཀོད་འདོམས་ལྟར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་བྷ་ཏ་ར་ཡས་ང་ཚོས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བོད་པ་བཙན་བྱོལ་བ་ཚོར་ཐུག་འཕྲད་བྱེད་དུ་བཅུག་ནས་རྒྱ་ནག་ལ་ཕོག་ཐུག་བཏང་སོང་། བལ་ཡུལ་གྱིས་རྟག་ཏུ་ཕྱོགས་སྒྲིག་སྤངས་བ་དང་རང་གི་རྒྱལ་ཁབ་ཀྱི་བདེ་རྩ་གཙིགས་འཛིན། གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་རེད། ང་ཚོས་ཕྱོགས་སྒྲིག་སྤངས་བའི་ལངས་ཕྱོགས་ཤིག་བཟུང་ཡོད་པས་བལ་ཡུལ་གྱི་ས་ཐོག་ཏུ་རྒྱལ་ཁབ་གཞན་ལ་བོད་པ་བཙན་བྱོལ་བ་ཚོར་ངན་སྐུལ་བྱེད་དུ་བཅུག་པ་ནི་ནོར་འཁྲུལ་རེད་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG